ཡོ་རོབ་ཨོསི་ཊརིཡའི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་ནང་གི་གཏན་འཇགས་སློབ་གྲྭའི་ཐད་ཤུགས་སྣོན་བསྐྱོན་རྒྱུ་ཡིན་པ་ཁས་ལེན་གནང་འདུག

2024.02.17
ཡོ་རོབ་ཨོསི་ཊརིཡའི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་ནང་གི་གཏན་འཇགས་སློབ་གྲྭའི་ཐད་ཤུགས་སྣོན་བསྐྱོན་རྒྱུ་ཡིན་པ་ཁས་ལེན་གནང་འདུག ཡོ་རོབ་ཨོསི་ཊརིཡའི་གྲོས་ཚོགས་འཐུས་མི་Gudrun Kuglerགྱིས་བོད་མི་དང་མཇལ་མོལ་གྱིས་བོད་ནང་གི་གཏན་འཇགས་སློབ་གྲྭའི་ཐད་ཤུགས་སྣོན་བསྐྱོན་རྒྱུ་ཡིན་པ་ཁས་ལེན་གནང་འདུག
Photo credit: VTAG-Austria

ཡོ་རོབ་ཨོསི་ཊརིཡའི་གྲོས་ཚོགས་འཐུས་མི་ Gudrun Kugler ལགས་ཀྱིས་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་ཡུལ་དེའི་ནང་གནས་བཞུགས་བོད་དོན་ཞུ་གཏུག་ལས་འགུལ་བ་གཞོན་སྐྱེས་ཁག་ཅིག་དང་མཉམ་ཡུལ་དེའི་གྲོས་ཚོགས་སུ་སྣེ་ལེན་གྱིས་མཇལ་མོལ་གནང་ཡོད་པ་མ་ཟད། ཁོང་གིས་སྤྱི་ཚོགས་དྲ་རྒྱ་ Instagram ཐོག་མཇལ་འཕྲད་གནང་པའི་འདྲ་པར་དང་མཉམ་གནས་ཚུལ་བཀོད་པ་དང་། བོད་ནང་གི་གཏན་འཇགས་སློབ་གྲྭའི་སྐོར་ཤེས་རྟོགས་བྱུང་དུས་ཧ་ལས་པ་དང་། ཧོན་ཐོར་བྱུང་ཞེས་གསུངས་ཤིང་། བོད་དོན་ཞུ་གཏུག་པ་རྣམས་ལ་མཇལ་མོལ་སྐབས། གནད་དོན་འདིའི་ཐད་རྒྱབ་སྐྱོར་གྱིས་ཏན་ཏན་ལས་དོན་གནང་རྒྱུ་ཡིན་ཞེས་གསུངས་པ་ཨོསི་ཊརི་ཡ་བོད་དོན་ཞུ་གཏུག་པ་བཅར་མཁན་ཁོངས་ནས་ལྷ་ས་བ་ཟླ་འོད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

2.jpg

Photo: VTAG-Austria

གྲོས་ཚོགས་འཐུས་མི་ཁོང་ལ་ཞུ་གཏུག་གནང་མཁན་རྣམས་ནི། བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་བོད་དོན་ཞུ་གཏུག་ཀྱི་ལས་འཆར་འོག་ཡོ་རོབ་ཀྱི་རྒྱལ་ཁབ་ཨོསི་ཊརི་ཡའི་ནང་གི་ཡན་ལག་གི་ཚོགས་མི་ཡིན་ཞིང་། བོད་མི་དྭང་བླང་ཞུ་གཏུག་པ་མང་ཆེ་བ་གཞོན་སྐྱེས་ཡིན་འདུག
བོད་དོན་ཞུ་གཏུག་ལས་འགུལ་བ་ཚོས་ཡུལ་དེའི་གྲོས་ཚོགས་འཐུས་མི་ལྕམ་ Gudrun Kugler ལགས་དང་ཐུག་འཕྲད་གནང་བའི་གནད་དོན་དང་འབྲེལ་འདི་ནས་ཞུ་གཏུག་ལས་འགུལ་བ་ཁག་ཅིག་ལ་བཀའ་དྲི་ཞུས་པར་མཇལ་མོལ་འདི་ཧ་ཅང་ཡག་པོ་བྱུང་པ་ངོ་སྤྲོད་གནང་གི་འདུག་ལ། ལྷ་ས་བ་ཟླ་འོད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ད་རེས་ཀྱི་མཇལ་མོལ་ཞུ་རྒྱུ་འདི་ནི་འབྲེལ་མཐུད་ཡག་པོ་ཞིག་བྱུང་པ་གསུངས་པ་དང་། བོད་མི་གཞན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ད་ཆ་ལས་འགུལ་འདི་འགོ་འཛུགས་བྱས་པ་ཞིག་ཡིན་པས། ཉིན་འགའ་ཤས་ཀྱི་རྗེས་སུ་ཡུལ་དེའི་གཞུང་འཛིན་ངོས་ནས་བོད་ནང་གི་གནས་སྟངས་ཐད་ལ་རྒྱབ་སྐྱོར་གྱི་རྣམ་པ་ཇེ་གསལ་དུ་འགྲོ་རྒྱུ་ཡིན་པ་སྔོན་བརྡའི་ཚུལ་དུ་འགྲེལ་བརྗོད་གནང་བྱུང་།

ལྷ་ས་བ་ཟླ་འོད་ལགས་ཀྱིས། ལྕམ་ Gudrun Kugler ལགས་ནི་ཨོསི་ཊརིཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ངལ་རྩོལ་ཚོགས་པའི་འཐུས་མི་དང་། ཡི་ཤུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣལ་མ་ཞིག་དང་། ཆོས་དད་ཆེན་པོ་གནང་མཁན་ཞིག་ཡིན་པས་ཡུ་གུར་ཁ་ཆེའི་གནད་དོན་དང་། བོད་བརྒྱུད་ནང་བསྟན་བཅས་ཆོས་ལུགས་ཀྱི་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་སྡུག་རྩུབ་འོག་མྱངས་དང་མྱོང་བཞིན་པ་རྣམས་ལ་རྒྱབ་སྐྱོར་དང་འབོད་སྒྲ་ཤུགས་ཆེ་སྒྲོག་མཁན་ཞིག་ཡིན་པ་གསུངས་པ་དང་། རྒྱུན་དུ་རྒྱ་ནག་གིས་ཆོས་ལུགས་ཐོག་དྲག་པོའི་བྱ་སྤྱོད་ཀྱི་སྲིད་བྱུས་འཛིན་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་མཁན་ཡིན་པ་གསུངས་བྱུང་།
བོད་མི་ལས་འགུལ་བ་རྣམས་དང་མཇལ་མོལ་སྐབས། གྲོས་ཚོགས་འཐུས་མི་ཁོང་གི་ངོས་ནས་ད་ཆ་ཨོསི་ཊརིཡའི་འོས་བསྡུའི་ལས་རིམ་ཞིག་བྲེལ་ཚུབ་ངང་འགྲོ་བཞིན་ཡོད་པ་འདི་མཇུག་སྒྲིལ་བྱུང་པའི་རྗེས་སུ་བོད་དོན་ཞུ་གཏུག་པ་ཚོས་རེ་སྐུལ་གནང་པ་བཞིན་བོད་ནང་གི་གཏན་འཇགས་སློབ་གྲྭའི་གནད་དོན་ཐད་ལ་ལས་དོན་སྤེལ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་། འདི་དང་འབྲེལ་བའི་གནད་དོན་ཐོག་ལ་བོད་མི་ཚོར་འབྲེལ་བ་མུ་མཐུད་གནང་རྒྱུ་ཡིན་པ་གསུངས་འདུག

Screenshot 2024-02-17 114916.png

Photo:Insta/Gudrun Kugler

ཨོསི་ཊརིཡའི་གྲོས་ཚོགས་འཐུས་མི་ལྕམ་ Gudrun Kugler གྱིས་ཁོང་གི་སྤྱི་ཚོགས་དྲ་རྒྱའི་ཐོག་འདྲ་པར་དང་བཅས་གནས་ཚུལ་བཀོད་སྤེལ་བྱས་པའི་ནང་། གཟའ་འཁོར་འདིའི་ནང་ཁོང་གིས་བོད་མི་གཞོན་སྐྱེས་ཞུ་གཏུག་ལས་འགུལ་བ་ཁག་ཅིག་གྲོས་ཚོགས་སུ་ཁོང་དང་ཐུག་འཕྲད་གནང་ཡོད་པར་དགའ་ཚོར་བྱུང་པ་གསུངས་ཤིང་། དེའི་སྐབས་བོད་དོན་ཞུ་གཏུག་ལས་འགུལ་བ་ཚོས་བོད་ནང་དུ་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་གི་གནས་སྟངས་ངོ་སྤྲོད་བྱས་པ་དང་། བོད་མི་ཆབ་སྲིད་བཙོན་པའི་གནས་བབ་དང་། དགོན་པ་གཏོར་བཤིག་བཏང་པའི་གནས་ཚུལ་ཁག ༧ཀུན་གཟིགས་༧པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་གཙོས་པའི་ཆོས་ལུགས་མི་སྣ་གར་སོང་ཆ་མེད་དུ་གྱུར་དང་འགྱུར་བཞིན་པའི་གནས་ཚུལ། ལྷག་པར་རྒྱ་ནག་གཞུང་གིས་གཏན་འཇགས་སློབ་གྲྭ་བཙུགས་ཏེ་བོད་པའི་ཕྲུ་གུ་ལོ་ ༤ ནས་ ༦ བར་ཡིན་པའི་བྱིས་པ་ཚོར་བཙན་དབང་གིས་ཕ་མ་དང་ཁ་བྲལ་དུ་བཅུག་གི་ཡོད་པའི་གནས་ཚུལ་ངོ་སྤྲོད་བྱས་བྱུང་པར། གནས་ཚུལ་དེ་ནི་ཧང་སང་དགོས་པ་ཞིག་དང་། སྲིད་བྱུས་དེ་ནི་བོད་ཀྱི་སྲོལ་རྒྱུན་དང་། སྐད་ཡིག་རྣམས་རྩ་མེད་བཟོ་བའི་དམིགས་ཡུལ་རེད་ཅེས་སྐྱོན་བརྗོད་གནང་འདུག
ཨོསི་ཊརིཡའི་གྲོས་ཚོགས་འཐུས་མི་ལྕམ་ Gudrun Kugler ལགས་ཀྱིས་ད་དུང་། ཁོང་གིས་ཐུག་འཕྲད་གནང་བའི་བོད་དོན་ཞུ་གཏུག་ལས་འགུལ་བ་ཚོས་ཉེ་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་གནད་དོན་དེའི་ཐོག་ཨོསི་ཊརིཡའི་འཐུས་མི་སྐུ་ཚབ་ཀྱིས་གླེང་སློང་གནང་སྟེ། རྒྱ་ནག་གིས་བོད་མི་གཙོས་གྲངས་ཉུང་མི་རིགས་ཚོའི་རིག་གནས་དང་སྲོལ་རྒྱུན་སྐད་ཡིག་དང་བཅས་པ་སླར་གསོ་དགོས་པའི་རྒྱབ་གཉེར་བསམ་འཆར་ཕུལ་ཡོད་པའི་སྐོར་ངོ་སྤྲོད་བྱས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་བཀོད་གནང་འདུག
གསར་འགོད་པ། འཆི་མེད། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་དང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་གཉིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་མཇལ་མོལ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎