བོད་དུ་སླར་ཡང་བཙུན་མ་ཞིག་གིས་རང་ལུས་མེར་བསྲེགས།
2011.11.03
༄༅༎བོད་ཁམས་རྟའུ་ཁུལ་དུ་སླར་ཡང་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་བཙུན་མ་ཞིག་ནས་རང་ལུས་མེར་བསྲེགས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བཙན་བྱོལ་བོད་གཞུང་དྲ་རྒྱའི་ཐོག་ བོད་མི་མང་སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་སུ་བོད་ནས་འབྱོར་བའི་གནས་ཚུལ་བཀོད་དོན་ལྟར་ན་ཕྱི་ཚེས་༣ ཉིན་ བོད་ནང་གི་ཉིན་གུང་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ལ་ ཁམས་རྟའུ་རྫོང་བྲོ་ཆོ་གྲོང་ཚོ་ནས་ཡིན་པ་ ཕ་ཇོ་ནའི་དང་ མ་ཀོས་ལན་གཉིས་ཀྱི་བུ་མོ་ རྟའུ་བྱང་ཆུབ་ཆོས་གླིང་གི་བཙུན་མ་ རང་ལོ་ ༣༥ ཅན་ དཔལ་ལྡན་ཆོས་མཚོས་ རྟའུ་རྣམ་རྒྱལ་མཆོད་རྟེན་གྱི་ཉེ་འགྲམ་དུ་ མི་མང་གིས་སྨྱུང་གནས་འཚོགས་ཏེ་གྲོལ་ལ་ཉེ་བའི་སྐབས་དང་བསྟུན་ནས་ དང་ཐོག་རང་ལུས་ལ་ས་སྣུམ་མཆོད་པ་དང་ དེ་ནས་ཉེ་སྔོན་རྒྱལ་གཅེས་དཔའ་བོ་རྟའུ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ལ་མེར་བསྒྲོན་ནས་ངོ་རྒོལ་གནང་སའི་ས་ཆ་དེར་ བཙུན་མ་རང་ཉིད་ཀྱི་སྐུ་ལུས་ལ་མེ་སྤར་ནས་ མི་མང་གི་ཁྲོད་དུ་ བོད་ལ་རང་དབང་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ༸གོང་ས་མཆོག་བོད་ལ་གདན་ཞུ་བྱེད་དགོས་ཞེས་སོགས་ཀྱི་ཞི་རྒོལ་སྐད་འབོད་བྱས་ཡོད་པ་རེད་
མེ་འབར་ཤུགས་ཆེ་དྲགས་ནས་ བཙུན་མ་དཔལ་ལྡན་ཆོས་མཚོ་ འདས་གྲོངས་སུ་གྱུར་ཡོད་པ་དང་ ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་ སྐུ་ཕུང་རྩིས་སྤྲོད་དགོས་ལུགས་སྐོར་དགོན་པར་བཙན་ཤེད་བྱས་ཡོད་ཀྱང་ འདུ་འཛོམས་ཡོད་པའི་མི་མང་གིས་ བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱི་སྐུ་ཕུང་དེ་ རྟའུ་ཉ་མཚོ་དགོན་པའི་ནང་གདན་འདྲེན་ཞུས་འདུག་ ད་ལྟའི་སྐབས་རྟའུ་རྫོང་ཐོག་ཏུ་ས་གནས་ཉེན་རྟོག་པ་དང་དམག་མི་ཚོས་མི་མང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། ད་དུང་ཕྱོགས་མཐའི་དགེ་འདུན་པ་དང་བཙུན་མ་ མི་མང་བཅས་ནས་ ཉ་མཚོ་དགོན་གྱི་ཉེ་འགྲམ་དུ་འཛོམས་བཞིན་ཡོད་འདུག ད་དུང་གནས་ཚུལ་མཁོ་སྤྲོད་པས་ ད་ལྟའི་སྐབས་ཉེན་རྟོག་པ་དང་མི་མང་དབར་ཛ་དྲག་ཆགས་འདུག་ཅེས་གསུངས་པའི་གནས་ཚུལ་ལུངས་འདྲེན་བྱས་བཞག་།།









