ཕ་རན་སིར་ངོ་རྒོལ་བྱེད་བཞིན་པ་དེས་རྒྱ་ནག་རང་ཉིད་ལ་གྱོང་ཕོག་སྲིད།

རྒྱ་ནག་ནང་ཕ་རན་སིའི་ཚོང་ཟོག་ཉོ་རྒྱུར་ངོ་རྒོལ་བྱེད་བཞིན་པ་དེས་རྒྱ་ནག་རང་ཉིད་ལ་གྱོང་ཕོག་རྒྱུའི་ཉེན་ཁ་ཡོད་ལུགས་གསུངས་འདུག

2008-04-23
Share

༄༅༎རྒྱ་ནག་ནང་ཕ་རན་སིའི་ཚོང་ཟོག་ཉོ་རྒྱུར་ངོ་རྒོལ་བྱེད་བཞིན་པ་དེས་རྒྱ་ནག་རང་ཉིད་ལ་གྱོང་ཕོག་རྒྱུའི་ཉེན་ཁ་ཡོད་ལུགས་གསུངས་འདུག

ཉེ་ཆར་ཕ་རན་སིའི་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེས་རྐྱེན་པས་རྒྱ་ནག་གཞུང་དང་། མི་མང་ཁོང་ཁྲོ་དྲག་པོ་ལངས་པས་མ་ཟད་རྒྱ་རིགས་ཁག་ཅིག་ནས་ གཅིག་ལ་གཅིག་བརྒྱུད་ཀྱི་དྲ་རྒྱ་དང་། ཁ་པར་བརྒྱུད་ཕ་རན་སིའི་བཅའ་དངོས་ཉོ་མི་ཆོག་པའི་དྲིལ་བསྒྲགས་བྱས་ཡོད་པ་སོགས་ངོ་རྒོལ་བྱས་ཡོད་པ་རེད། འོན་ཀྱང་ཡུ་རོབ་མཐུན་ཚོགས་ཀྱི་ཚོང་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ་མཆོག་གིས། བཅའ་དངོས་ཉོ་རྒྱུ་མཚམས་འཇོག་གི་ལས་འགུལ་སྤེལ་བ་ཡིན་ན་དེར་རྗེས་འབྲས་ངན་པ་ཡོང་སྲིད་ཀྱི་རེད་ལ་ཤུགས་ཆེན་པོའི་ཐོག་ནས་ངོ་རྒོལ་བྱས་པ་ཡིན་ན་དེས་རང་བཞིན་གྱི་རྒྱ་ནག་ལ་ཡོད་པའི་རྒྱ་རིགས་ལས་མི་ཚོ་དང༌། བཟོ་གྲྭ་ཚོར་གྱོང་ཕོག་གི་རེད། དེ་དང་ཕྱོགས་མཚུངས་ཡུ་རོབ་ནང་། རྒྱ་ནག་ནས་བཟོས་པའི་བཅའ་དངོས་ཉོ་རྒྱུ་མཚམས་འཇོག་བྱེད་རྒྱུའི་ཉེན་ཁའང་ཡོད་རེད་ཅེས་གང་ལྟར་རྒྱ་མི་རིགས་ཚོས་ཁོང་ཁྲོའི་ཀུན་ནས་སླངས་ཏེ་ལས་འགུལ་འདི་རིགས་སྤེལ་བཞིན་པ་དེས་མཐའ་མ་རྒྱ་ནག་རང་ཉིད་ལ་གྱོང་ཕོག་རྒྱུའི་ཉེན་ཁ་ཡོད་པའི་སྐོར་གསུངས་འདུག

ཕ་རན་སིའི་ཚོང་ལས་ཚན་པ་ཀར་ཕཱོར་ཞེས་པ་དེའི་བཟོ་གྲྭ་རྒྱ་ནག་ལ་ཡོད་པ་དང་། དེའི་ནང་ལས་མི་སྟོང་ཕྲག་འགའ་ཤས་ཡོད་པ་རེད།

རྒྱ་ནག་ནང་ཉེ་བའི་དུས་ཚོད་ནས་བཟུང་ཕྱི་རྒྱལ་མི་རིགས་ཚོའི་ཐོག་ལའང་སྡང་ཟུག་བྱས་པའི་གནས་ཚུལ་འགའ་ཤས་བྱུང་ཡོད་པ་དཔེར་ན། ལྷོ་ཕྱོགས་ཀྲོ་ཀྲུ་གྲོང་ཁྱེར་དུ་ཨ་རིའི་གཞོན་སྐྱེས་དགེ་རྒན་ཞིག་ཕ་རན་སིའི་ཚོང་ཁང་དེའི་ནང་ནས་ཐོན་ཡོང་བའི་སྐབས་ཉེས་རྡུང་བཏང་འདུག

འོན་ཀྱང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ ཕ་རན་སིའི་ཚོང་ཁང་དེར་མང་ཚོགས་ནས་ངོ་རྒོལ་བྱས་པ་ནི་འོས་ཤིང་འཚམས་པ་ཞིག་རེད། ཡིན་ནའང་དྲག་པོའི་ཐོག་ནས་མི་མང་ཉེས་རྡུང་བཏང་བའི་རིགས་ལ་ང་ཚོས་ངོས་ལེན་བྱེད་ཀྱི་མེད་ཅེས་གཏམ་བཤད་སྤེལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།