བོད་མིའི་སྒྲིག་འཛུགས་ངོས་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་བོད་དོན་གླེང་རྒྱུའི་ཡིད་ཆེས་ཡོད། མགྲིན་ཚབ་པས།

2024.04.24
བོད་མིའི་སྒྲིག་འཛུགས་ངོས་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོ་དང་ལྷན་བོད་དོན་གླེང་རྒྱུའི་ཡིད་ཆེས་ཡོད། མགྲིན་ཚབ་པས། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ལ་ཕེབས་ཐོན་སྐབས། ༢༠༢༤།༠༤།༢༣ ཉིན།
Reuters

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་བྷིལན་ཀེན་ (Antony Blinken) མཆོག་རྒྱ་ནག་ཏུ་འཚམས་གཟིགས་ཆེད་ཕེབས་ཡོད་པ་བཞིན། བོད་མིའི་སྒྲིག་འཛུགས་ངོས་ནས་ཨ་རིའི་དཔོན་རིགས་ཚོ་རྒྱ་ནག་ཏུ་ཕེབས་སྐབས་དུས་རྒྱུན་དུ་བོད་དོན་ཆེད་ཐུགས་སྣང་དང་གླེང་སློང་བྱེད་བཞིན་པ་ལྟར། ཐེངས་འདིར་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོ་དང་མཉམ་དུ་བོད་དོན་གླེང་སློང་ཡོང་རྒྱུའི་ཡིད་ཆེས་བྱས་བསྡད་ཡོད་ལ། དེ་དང་བསྟུན་ཐེངས་འདིར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་འཁེལ་ཡོད་སྟབས། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༩ འགྲོ་བཞིན་པའི་སྐོར་དང་། ཁོང་གང་དུ་ཡོད་པའི་གནས་སྟངས་སོགས་ཀྱི་ཐད། རྒྱ་ནག་གི་དཔོན་རིགས་ཚོ་མཉམ་དུ་གླེང་སློང་དང་གནོན་ཤུགས་སྤྲོད་རྒྱུ་གལ་ཆེན་པོ་ཆགས་ཡོད་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས་བརྗོད་གནང་བྱུང་།

ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་གི་པེ་ཅིན་གྲོང་ཁྱེར་དང་ཧྲང་ཧེ་གྲོང་ཁྱེར་གཉིས་ལ་ཆེད་ཕེབས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་མགོ་ཁྲིད་ཚོ་དང་ཐུག་འཕྲད་གནང་གི་ཡོད་པ་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གཙོས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་ད་ལྟའི་ཆར་ཉིན་རེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གནད་དོན་དེ་རིགས་གླེང་སློང་དང་འབྲེལ། ཨ་རིའི་གཞུང་ངོས་ནས་བོད་དོན་དང་འབྲེལ་བའི་ཁྲིམས་སྒྲིག་ག་རེ་ཡོད་པ་ཁག་རྒྱ་ནག་དཔོན་རིགས་ཚོར་གསལ་བཤད་ཡོང་རྒྱུའི་རེ་བ་ཡོད་སྐོར་བརྗོད་བྱུང་།

ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་དོན་གཙོ་བོ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་ཚོང་ལས་སོགས་ཀྱི་སྐོར་ནས་གྲོས་མོལ་དང་། དེ་བཞིན་ཨུ་རུ་སུ་དང་ཡུ་ཁི་རན་གྱི་དམག་འཁྲུག་གནད་དོན་དང་། ལྷོ་རྒྱ་མཚོའི་གནད་དོན། དཀྱིལ་ཤར་ཁུལ་གྱི་དམག་འཁྲུག་སོགས་ཀྱི་སྐོར་ནས་གྲོས་བསྡུར་གནང་རྒྱུ་ཡིན་པ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་སྟེང་སྤེལ་འདུག་ལ། དེ་བཞིན་ཕྱི་སྲིད་དྲུང་ཆེ་མཆོག་ནས་སྤྱི་ཚོགས་དྲ་ལམ་ (X) སྟེང། བདུན་ཕྲག་འདིར་ངོས་རང་རྒྱ་ནག་ནང་གཟིགས་སྐོར་དུ་ཆེད་ཕེབས་ཀྱིས། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐད་གདོང་དང་གདོང་ཐུག་གིས་གླེང་མོལ་བྱ་རྒྱུ་དང་། ཨ་རྒྱ་གཉིས་ཀྱི་རྒྱུན་མཐུད་ངང་ཕན་ཚུན་འབྲེལ་གཏུག་བྱེད་བཞིན་པ་དེས་ཨ་རིའི་མི་མང་དང་འཛམ་གླིང་ཡོངས་ཀྱི་གནད་དོན་ཐད་འཕེལ་རྒྱས་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་སོགས་བཀོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎