ཀུ་ཤུ་འཕྲུལ་ལས་བཟོ་ཚོང་ལས་ཁང་གིས་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱེད་རྒྱུ་བསྒྲགས་འདུག


2020.09.04
ཨ་རིའི་ནེའུ་ཡོག་ཀུ་ཤུ་འཕྲུལ་ཆས་ཚོང་ཁང་མདུན། ༢༠༡༦ ཨ་རིའི་ནེའུ་ཡོག་ཀུ་ཤུ་འཕྲུལ་ཆས་ཚོང་ཁང་མདུན། ༢༠༡༦
AFP

སྐྱོན་བརྗོད་སྣ་མང་གི་རྗེས་ཀུ་ཤུ་འཕྲུལ་ལས་བཟོ་ཚོང་ལས་ཁང་གིས་སྨྲ་བརྗོད་རང་དབང་དང་གནས་ཚུལ་མཁོ་འདོན་རང་དབང་ལ་བརྩི་བཀུར་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
ལོ་རྗེས་མའི་མ་ཤེར་ཚོང་བདག་གི་ཚོགས་འདུའི་ཐོག་གླེང་གཞི་ཐག་གཅོད་ཀྱི་དུས་བཀག་ཕྱི་ཟླ་༩་ཚེས་༥་གོང་ལ། ཀུ་ཤུ་(apple)་འཕྲུལ་ལས་བཟོ་ཚོང་ལས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་ཤོག་གྲངས་བཞི་ཅན་གྱི་མ་འོངས་སྲིད་བྱུས་ཀྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཀུ་ཤུ་འཕྲུལ་ལས་བཟོ་ཚོང་ལས་ཁང་གིས་སྨྲ་བརྗོད་རང་དབང་དང་གནས་ཚུལ་མཁོ་འདོན་གྱི་རང་དབང་ལ་བརྩི་བཀུར་དང་ལེན་བྱེད་རྒྱུ་ཡིན་པ་གསལ་སྟོན་བྱས་འདུག  འདི་ནི་ཀུ་ཤུ་བཟོ་ཚོང་ལས་ཁང་ལ་འདི་ལོའི་འགོ་སྟོད་མ་ཤེར་ཚོང་བདག་གི་ཚོགས་འདུའི་ཐོག མང་ཚོགས་ནས་ཀུ་ཤུ་ཁ་པར་བཟོ་བསྐྲུན་ལས་ཁང་གིས་རྒྱ་ནག་གཞུང་ལ་བསྟུན་མཁས་ཀྱི་སྲིད་བྱུས་ནང་། རྒྱ་ནག་ནང་དང་དམིགས་བསལ་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དང་། ཤར་ཏུར་ཀིསུ་ཐན་ནམ་ཤིན་ཅང་དང་། གཞན་ཡང་ཧོང་ཀོང་བཅས་པའི་མངའ་ཁུལ་ནང་ཀུ་ཤུ་ཁ་པར་བེད་སྤྱོད་བྱེད་མཁན་ཚོས་རྒྱ་ནག་གཞུང་གི་འདོད་བློར་མེད་པའི་གནས་ཚུལ་ལྟ་ཀློག་མི་ཐུབ་པ་བཟོས་པ་དང་། གནས་ཚུལ་མང་པོ་བཀག་སྡོམ་བྱེད་པའི་གནད་དོན་ལ་ངོ་རྒོལ་དང་་སྐྱོན་བརྗོད་ཤུགས་ཆེ་ཐོན་པའི་རྗེས་སུ། ད་རེས་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ནས་དེར་ངོས་ལེན་དང་བསྒྱུར་བཅོས་གཏོང་རྒྱུར་དང་ལེན་བྱས་པ་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་འདུག
ཤོག་གྲངས་བཞི་ཅན་གྱི་སྲིད་བྱུས་བསྒྲགས་གཏམ་དེའི་ནང་། ཀུ་ཤུ་བཟོ་ཚོང་ལས་ཁང་གི་ངོས་ནས་ཀུ་ཤུའི་འཕྲུལ་ཆས་དང་འབྲེལ་ཆགས། བཟོ་ཚོང་ལས་ཁང་གི་ལས་བྱེད། ཀུ་ཤུ་བཟོ་ཚོང་ལས་ཁང་ལ་ཡོ་ཆས་མཁོ་འདོན་བྱེད་མཁན། གཞན་ཡང་ཀུ་ཤུ་འཕྲུལ་ཆས་ཉོ་མཁན་དང་བཅས་པའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དང་ལེན་ཞུ་རྒྱུ་ཡིན་པ་དང་། དེ་སྒྲུབ་ཐབས་སུ་་ཀུ་ཤུའི་བཟོ་ཚོང་ལས་ཁང་གིས། རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་གི་གཞི་རིམ་ལྟ་གྲུབ་ལ་རྩ་འཛིན་བྱ་རྒྱུ་ཡིན་ལུགས་བཀོད་ཡོད་པ་རེད།
ཀུ་ཤུ་འཕྲུལ་ལས་བཟོ་ཚོང་ལས་ཁང་ལ་ཀུ་ཤུ་ཁ་པར་བཅས་པའི་ཐོག་གནས་ཚུལ་དམ་དྲག་དང་། ཡང་གཉེན་ཆས་ཁག་ཅིག་བེད་སྤྱོད་མི་ཆོག་པར་བཀག་སྡོམ་བྱེད་དགོས་པའི་དཀའ་ངལ་ཆེ་ཤོས་རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་རྐྱེན་པས་ཡོང་གི་ཡོད་པ་དང་། ཀུ་ཤུའི་བཟོ་ཚོང་ལས་ཁང་གིས་ད་རེས་སྲིད་བྱུས་བསྒྲགས་གཏམ་གྱི་ཡིག་ཆ་དེའི་ནང་། རྒྱལ་ཁབ་གང་ཞིག་ནང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་བར་ཁྱད་ཀྱི་རྐྱེན་པས་དཀའ་ངལ་འཕྲད་སྐབས། ཁྲིམས་ལུགས་ཀྱི་གནས་ཚད་མཐོ་བ་དེར་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བཀོད་ཡོད་པ་ལས། གཞན་རྒྱ་ནག་གཙོས་པའི་དྲག་པོའི་དབང་འཛིན་བྱེད་པའི་རྒྱལ་ཁབ་ཁག་ནང་ལས་དོན་བྱེད་སྒོའི་ཐད་ཁ་གསལ་གནས་ཚུལ་གང་ཡང་གསལ་སྟོན་བྱས་མེད་པ་རེད།
ཀུ་ཤུ་བཟོ་ཚོང་ལས་ཁང་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་འགན་འཁུར་དགོས་པའི་གནོན་ཤུགས་སྤྲོད་མཁན་གྱི་(Sum of US)་ཞེས་པའི་སྤྱི་དམངས་ཚོགས་པའི་ལས་འགུལ་འགན་འཛིན་(Sondhya Gupta)་ཡིས་(The Financial Times)་གསར་ལས་ཁང་ལ། ཀུ་ཤུ་བཟོ་ཚོང་ལས་ཁང་གི་ལག་ལེན་སྲིད་བྱུས་ཀྱི་འགྱུར་བ་དེ་གནད་འགག་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཡར་རྒྱས་འགྲོ་རྒྱུའི་ཚབ་སྡུག་ཏུ་འགྲོ་བཞིན་ཡོད་པ་དེ་ནི་ཧོང་ཀོང་གི་གནས་སྟངས་བཅས་ལས་རྟོགས་ཐུབ་པ་ཞིག་ཡིན་པ་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎