རྒྱ་གར་ཉེན་རྟོག་པས་མོན་རྟ་དབང་གི་ངོ་རྒོལ་བ་གཉིས་བསད་འདུག


2016.05.03
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་རྫོང་དུ་ཉེན་རྟོག་པས་ངོ་རྒོལ་བར་མེ་མདའ་རྒྱབ་ནས་ངོ་རྒོལ་བ་བསད་པ། ༢༠༡༦།༥།༢ རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་རྫོང་དུ་ཉེན་རྟོག་པས་ངོ་རྒོལ་བར་མེ་མདའ་རྒྱབ་ནས་ངོ་རྒོལ་བ་བསད་པ། ༢༠༡༦།༥།༢
མཐུན་འགྱུར་པར་རིས།

རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་རྫོང་དུ་ཉེན་རྟོག་པས་ངོ་རྒོལ་བར་མེ་མདའ་རྒྱབ་ནས་དགེ་འདུན་པ་གཅིག་ཐེ་བས་མི་གཉིས་བསད་འདུག
དེ་ཡང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་རྫོང་ཁུལ་ཆུ་མཛོད་འགའ་ཤས་རྒྱབ་རྒྱུའི་འཆར་གཞི་ཡོད་པ་དེར། ངོ་རྒོལ་གྱི་ལས་འགུལ་སྣེ་ཁྲིད་མཁན་བླ་མ་བློ་བཟང་རྒྱ་མཚོ་ཞེས་པ་ཞིག་ཕྱི་ཟླ་བཞི་པའི་ཚེས་༢༨་ཉིན་ཁོང་ནས་རྟ་དབང་དགོན་པའི་མཁན་པོ་གུ་རུ་སྤྲུལ་སྐུ་རིན་པོ་ཆེ་མཆོག་ནས་ཆུ་མཛོད་ཀྱི་ལས་གཞི་དང་ཆབ་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་གནང་གི་ཡོད་ལུགས་སྐྱོན་བརྗོད་ཀྱི་གནས་ཚུལ་ཁྱབ་སྤེལ་བྱས་ཡོད་པའི་ཉེས་འཛུགས་འོག་འཛིན་བཟུང་དོ་དམ་བྱས་པར་བརྟེན་མང་ཚོགས་ནས་ཁོང་གློད་བཀྲོལ་དགོས་ལུགས་བཤད་ཡོད་འདུག
ལྷག་པར་དུ་ཁ་ས་ཚེས་༢་གཟའ་ཟླ་བའི་ཉིན་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་པོ་ཞིག་གློ་བུར་ཉེན་རྟོག་ལས་ཁུངས་ནང་འཛུལ་ནས་ངོ་རྒོལ་བྱེད་སྐབས། ཉེན་རྟོག་པས་མེ་མདའ་རྒྱབ་པར་བརྟེན་མི་བཅུ་ཙམ་རྨས་སྐྱོན་ཕོག་པ་དང་། དགེ་འདུན་པ་ཞིག་དང་སྐྱ་བོ་ཞིག་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་བྱུང་འདུག
དོན་རྐྱེན་དེ་བྱུང་བའི་རྗེས་སུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་རྫོང་དཔོན་ལས་ཁུངས་སུ་གནས་ཚུལ་ཞིབ་མཇུག་བྱེད་དགོས་པའི་བཀོད་ཁྱབ་དང་། འདས་གྲོངས་སུ་ཕྱིན་པའི་ནང་མི་ཚོར་གུན་གསབ་ཀྱི་ཚུལ་དུ་ཧིན་སྒོར་འབུམ་ལྔ་གནང་རྒྱུ་ཡིན་ལུགས་གསུངས་འདུག དེ་དང་ཕྱོགས་མཚུངས་ཨ་རུ་ན་ཅལ་མངའ་སྡེའི་དབུས་གྲོས་ཚོགས་འཐུས་དང་། རྒྱ་གར་དབུས་གཞུང་གི་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་Kiran Rijiju་མཆོག་ནས་ཀྱང་རྟ་དབང་རྫོང་དཔོན་དང་། ཉེན་རྟོག་སྤྱི་ཁྱབ་པར་གནས་སྟངས་ག་འདྲ་ཆགས་ཡོད་མེད་རྟོག་ཞིབ་དང་འབྲེལ་ཕྱོགས་གཉིས་ཀའི་སྐུ་ཚབ་ཚོགས་ཆུང་བཙུགས་ནས་ཞི་འགྲིགས་ཡོང་ཐབས་བྱེད་དགོས་ལུགས་གསུངས་ཡོད་འདུག ད་ལྟའི་ཆར་རྟ་དབང་ཁུལ་དུ་གནས་ཚུལ་ཛ་དྲག་པོ་ཆགས་ཡོད་འདུག

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎