སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨའོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ་བ།
ཟླ་ ༡༡ ཚེས་ ༦ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨའོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ (Zoe Bedford) ལགས་དང་གཞན་ཚོགས་མི་ཁག་ཅིག་ལ་མཇལ་ཁ་སྩལ་གནང་ཡོད་པ་དང་། ཨོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་འགན་འཛིན་ (Zoe Bedford) ལགས་ཀྱིས། ཐེངས་འདིར་མགོན་པོ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་ད་ལྟའི་ཆར་སྐུལ་ཁམས་གསལ་ཐང་ཡིན་ཞིང་། ༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་ཤིན་ཏུ་ནས་བྱིན་རླབས་ཆེན་པོ་བྱུང་། དམིགས་བསལ་དགོན་པོ་མཆོག་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་རྗེས་སུ་ཡི་རངས་མཛད་སོང་ཞེས་གསུངས་བྱུང་། མ་ཟད་ཁོང་གིས་མུ་མཐུད། ཐེངས་འདིར་ཨའོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གིཚོགས་མི་རྣམས་བཞུགས་སྒར་དུ་བསླེབས་དགོས་དོན་ནི། བོད་ནང་གི་ཛ་དྲག་གནས་སྟངས་རྒྱུས་ལོན་དང་། གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་ཐད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་རྣམས་ཉར་ཚགས་དང་མི་ཉམས་རྒྱུད་འཛིན་ཇི་ལྟར་གནང་གི་ཡོད་པ་སོགས་ཀྱི་ཐད་ལ་རྒྱུས་ལོན་ཐུབ་ཆེད་དུས་ཉིན་བཅུའི་རིང་བཞུགས་སྒར་དུ་དེ་འབྲེལ་ལས་འཆར་སྣ་མང་ཞིག་ཡོད་པ་གསུངས་བྱུང་།
ཡང་འདི་ག་གསར་འགོད་པས་ཐེངས་འདིར་༸གོང་ས་མཆོག་གི་མཇལ་ཁ་ཞུས་མཁན་ཨའོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་བ་ཁག་ཅིག་ལ་བཀའ་འདྲི་ཞུས་པར། ཇེ་ཌེན་ནོར་ཌི་ཧྥེལ་ལགས་ནས། ཐེངས་འདིར་༸མགོན་པོ་མཆོག་གི་མཇལ་ཁ ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཞིང་། སྤྱིར་མཇལ་ཁ་ཞུས་མཁན་དད་ལྡན་པ་མང་དག་ཅིག་ཡོད་ནའང་། དུས་ཡུན་ཐུང་ཐུང་དེའི་ནང་ཁོང་གི་མཇལ་ཁ་ཐོབ་པར་ཚོར་བ་བཟང་པོ་ཞིག་བྱུང་ཞེས་དང་། བོད་པའི་གནད་དོན་དེ་བཞིན་རྒྱལ་སྤྱི་ཁྱོན་ཡོངས་ནས་ཤེས་དགོས་པ་དང་དེའི་ཐད་གླེང་སློང་དགོས་གལ་ཆེ་བ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག་ལ། ཨའོསི་ཊརེ་ལི་ཡའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་དྲུང་ཆེ་ཀེ་མི་རོན་རོའོ་ལེན་ཌི་ལགས་ནས། བོད་མི་རྣམས་ནས་ཕ་མ་སྤུན་མཆེད་ཁ་བྲལ་སོགས་བློས་གཏོང་ཆེ་བཏང་གིས་བཙན་བྱོལ་དུ་བྲོས་བྱོལ་དུ་བསླེབས་པ་སོགས་ཀྱི་མི་ཚེའི་ལོ་རྒྱུས་སོགས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་འདུག་པས། ངའི་ངོས་ནས་མ་འོངས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སི་ཌི་ནི་ (Blue Mountain) ནས་ཡིན་པའི་ཇོ་ལེ་ལགས་ནས་གསུངས་ན། ཐེངས་འདིར་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་ཤིན་ཏུ་སྐལ་པ་བཟང་པོ་བྱུང་ཞིང་། ངའི་ངོས་ནས་སི་ཌི་ནི་ (Blue Mountain) ས་གནས་སུ་གནས་བསྡོད་བོད་མི་རྣམས་ལ་དབྱིན་ཇི་འབྲི་ཀློག་དང་ཚོང་ལས་ཆུང་རིགས་གཉེར་རྒྱུ་སོགས་ཀྱི་ཐད་རོགས་རམ་ཆུང་ཚགས་དེ་འདྲ་བྱེད་ཀྱི་ཡོད་ལ། བོད་པའི་གནད་དོན་ཐད་དུས་རྟག་ཏུ་རྒྱབ་སྐྱོར་དང་གང་ཐུབ་ཅི་ཐུབ་བྱ་རྒྱུའི་དམིགས་ཡུལ་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྩ་བའི་ཨའོསི་ཊརེ་ལི་ཡའི་་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་ཚོགས་མི་ཁྱོན་ ༡༢ ནས་ཟླ་འདིའི་ཚེས་ ༤ ནས་ ༡༤ བཅས་ཉིན་གྲངས་བཅུའི་རིང་བཞུགས་སྒར་དུ་ Little Tibet Tour ཞེས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག དེ་བཞིན་དགོན་སྡེ་ཁག་མང་དག་ཅིག་ཏུ་སྐོར་བསྐྱོད་ཀྱིས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན།