བོད་ཀྱི་ཛ་དྲག་གནད་དོན་ཐད་གླེང་སློང་ཤུགས་ཆེ།
2012.02.02
༄༅༎ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་རུ་ཚོགས་པའི་བོད་རྒྱ་རིག་གཞུང་བརྗེ་ལེན་གྱི་ཚོགས་འདུའི་ནང་བོད་ཀྱི་ཛ་དྲག་གནད་དོན་གླེང་སློང་ཤུགས་ཆེ་བྱུང་བའི་གནས་ཚུལ་ཐོན་འདུག་།
དེ་ཡང་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་བཏང་བའི་གནས་ཚུལ་ནང་གསལ་ལྟར་ན་ ཚེས་༢༩ཉིན་ ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གོ་སྒྲིག་དང་གཙོ་སྐྱོང་འོག་ གྲོང་ཁྱེར་མེལ་བྷོན་ནང་བོད་རྒྱ་མི་རིགས་གཉིས་དབར་བཟོད་སྒོམ་དང་བསམ་ཤེས་ཞེས་པའི་བརྗོད་གཞིའི་ཐོག་ཕན་ཚུན་རིག་གཞུང་བརྗེ་ལེན་གྱི་ལྷན་ཚོགས་ཤིག་ཚོགས་ཡོད་པ་རེད་ ཚོགས་བཅར་བ་རྣམས་ཀྱིས་ ཐོག་མར་བོད་ཀྱི་བསྟན་པ་ཆབ་སྲིད་དང་རང་དབང་ དེ་བཞིན་རྒྱ་ནག་གི་མང་གཙོ་དང་རང་དབང་གི་དོན་དུ་ཚེ་སྲོག་ཤོར་བའི་བོད་རིགས་དང་རྒྱ་རིགས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་བཏུད་མཚོན་ཆེད་ ངག་བཅད་སྐར་མ་གཅིག་གནང་པ་དང་དེ་རྗེས་ བོད་ནང་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དང་ རྒྱའི་ལོ་གསར་སྐབས་ རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་བོད་མི་དམར་གསོད་བཏང་བ་དང་དམ་བསྒྲགས་བྱེད་བཞིན་པའི་གནད་དོན་ཐོག་བགྲོ་གླེང་ལྷུག་པོ་གནང་ཡོད་འདུག་་རྒྱ་རིགས་རྩོམ་པ་པོ་དང་མཁས་དབང་ཚོས་བོད་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྗེས་དྲན་ཞུས་པ་དང་ཆབས་ཅིག་ རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཀྱི་བྱ་སྤྱོད་ལ་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད་
ཚོགས་འདུ་དེའི་ཐོག་ ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཐེ་ལྦན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། མེལ་སྦོན་ཁུལ་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་དང་མང་གཙོ་དོན་གཉེར་བ་དང་ དེ་བཞིན་བོད་ཀྱི་ཁོར་ཡུག་ལ་ཉམས་ཞིབ་གནང་མཁན་རྒྱ་རིགས་མཁས་དབང་བཅས་ཀྱིས་གསུང་བཤད་གནང་བ་མ་ཟད་ རྒྱ་རིགས་སློབ་ཕྲུག་དང་སྒྱུ་རྩལ་བ་ ཚོང་པ་ རྒྱ་ཡིག་གསར་ཤོག་ཁག་གི་གསར་འགོད་པ་ མེལ་སྦོན་ཁུལ་དུ་གནས་སྡོད་བོད་མི་སོགས་མི་གྲངས་ ༡༠༠ བརྒལ་བས་མཉམ་ཞུགས་གནང་ཡོད་འདུག ཚོགས་འདུའི་སྐོར་ཨོ་སི་ཊོ་ལི་ཡའི་གཞུང་འབྲེལ་ཨེ་སྦི་སི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་དང་ ཨི་པོཀ་དུས་བབ་(The Epoch Times) རྒྱ་ཡིག་གསར་ཤོག་ ཨེན་ཌི་ཀྲི་ལྦི་NDTV རྒྱ་སྐད་བརྙན་འཕྲིན་ཁང་སོགས་ནས་བཅར་འདྲི་ཞུ་ཡོད་པ་དང་། འདི་ལོའི་ལོ་མཇུག་གམ་འཆར་ལོའི་ནང་རིག་གཞུང་བརྗེ་ལེན་གྱི་ཚོགས་འདུ་འདི་ལྟར་ནིའུ་ཛི་ལེནདྲ་ཁུལ་དུ་ཡང་འཚོགས་འཆར་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་།།