པེ་ཅིང་ཨོ་ལིམ་པིག་སྐབས་སྲུང་སྐྱོབ་ཧ་ཅང་དམ་བསྒྲགས་བྱ་རྒྱུ།

རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་སྐབས་ངོ་རྒོལ་རིགས་སྔོན་འགོག་ཆེད་སྲུང་སྐྱོབ་ཧ་ཅང་དམ་བསྒྲགས་བྱ་རྒྱུའི་གྲ་སྒྲིག་ཡོད་འདུག

2008-07-13
Share

༄༅༎རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་སྐབས་ངོ་རྒོལ་རིགས་སྔོན་འགོག་ཆེད་སྲུང་སྐྱོབ་ཧ་ཅང་དམ་བསྒྲགས་ལག་བསྟར་བྱ་རྒྱུའི་གྲ་སྒྲིག་ཡོད་འདུག

ཕྱི་ཟླ་བརྒྱད་པའི་ཚེས་༨ནས་བཟུང་ཉིན་༡༧གྱི་རྩེད་འགྲན་རིང་བེ་ཅིང་གྲོང་ཁྱེར་ནང་ཉེན་སྲུང་བ་འབུམ་གཅིག་དང་ དམག་མི་འབུམ་གཅིག་བཀྲམ་རྒྱུའི་ཐོག་ རྡུལ་ཕྲན་དང་སྐྱེ་དངོས་ རྫས་སྦྱོར་སོགས་གོ་མཚོན་ལག་ཆའི་ཆེད་ལས་པ་གསུམ་བརྒྱ་ མཁའ་དམག་གི་གནམ་གྲུ་དང་ ཐད་ཕུར་གནམ་གྲུ་ མཚོ་དམག་གི་གྲུ་གཟིངས་ཁྱུ་གཅིག་གྲ་སྒྲིག་ཡོད་པའི་ཐོག་ ལས་བྱེད་པ་རྒན་ཡོལ་བ་དང་སློབ་ཕྲུག་དང་མི་མང་སོགས་སྲུང་སྐྱོབ་དང་བླངས་བ་འབུམ་དྲུག་བཀོད་སྒྲིག་བྱས་ཡོད་འདུག རྩེད་འགྲན་གྱི་ཚོགས་ཁང་དང་རྩེད་ཐང་གཙོས་པའི་ཁོར་ཡུག་སྲུང་སྐྱོབ་ཆེད་ས་ཐོག་ནས་བར་སྣང་ལ་དྲག་རྒོལ་ཆེད་མེ་ཤུགས་འཕུར་མདེལ་བཙུགས་ནས་བཞག་ཡོད་འདུག རྩེད་འགྲན་དང་འབྲེལ་བའི་སྲུང་སྐྱོབ་ཀྱི་འཁྲུལ་རིགས་ཡོ་ཆས་ཨ་རིའི་ཌོ་ལར་ཐེར་འབུམ་༦དང་ཕྱེད་ཀ་ཙམ་གནས་པ་མཁོ་གྲུབ་བྱས་ཡོད་པ་དང་ དེའི་གྲས་སུ་བེ་ཅིང་གྲོང་ཁྱེར་ཡོན་ཁྱོན་སུ་སྲུང་སྐྱོབ་ཆེད་གསང་མྱུལ་གྱི་དཔར་ཆས་འབུམ་གསུམ་ཆེད་འཛུགས་ཀྱིས་རྩེད་འགྲན་རིང་འདུ་འཛོམས་པ་མི་རེ་ངོ་རེའི་མགོ་དང་སྤྲལ་བའི་རྡུལ་ནག་ཡན་ཆད་ངོས་འཛིན་ཐུབ་པའི་ནུས་པ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག རྩེད་འགྲན་བལྟ་བར་ཡོང་མཁན་ཕྱི་རྒྱལ་མི་རིགས་ཡོངས་རྫོགས་མ་ཟད་ རྒྱ་མིའི་ནང་ལ་གནས་ཚང་དུ་སྡོད་མཁན་ཚོས་ཀྱང་ཆུ་ཚོད་༢༤ནང་ཚུད་དེབ་སྐྱེལ་བྱ་དགོས་པ་དང་ རྩེད་འགྲན་གྱི་ལག་འཁྱེར་ཡོད་པ་ཙམ་གྱིས་བལྟ་མོ་བལྟ་བ་འགྲོ་ཆོག་པ་ཁྱབ་ཀྱི་མེད་པ་སོགས་ལམ་སྟོན་དོན་ཚན་༥༧བྱས་པ་ཞིག་གསལ་བསྒྲགས་བྱེད་བཞིན་པ་རེད།

གཞུང་དང་ལྟ་བ་མི་མཐུན་པའི་མི་སྣ་རྣམས་སྔོན་ཚུད་ནས་རང་ཁྱིམ་དུ་བཟང་བཙོན་གྱི་གནས་རྒྱུ་དང་ཡང་ན་ཕྱིར་འབུད་བྱེད་བཞིན་པ་སོགས་མདོར་བསྡུས་ན་དགའ་སྤྲོའི་རང་བཞིན་ལྡན་པའི་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་འདིའི་སྐབས་རྒྱ་ནག་སྤྱི་དང་ལྷག་དོན་དུ་བེ་ཅིང་སྔར་བྱུང་མ་མྱོང་བའི་དམ་བསྒྲགས་འོག་གནས་རྒྱུ་ཡིན་པ་རེད་ རྒྱ་ནག་གཞུང་གིས་རྣམ་རྟོག་དང་དྭོགས་ཟོན་བྱེད་ཡུལ་ལྟེ་བ་གཉིས་ནི་ བོད་རང་བཙན་འཐབ་རྩོད་པ་དང་ ཤར་ཏུར་ཀིསི་ཐན་རང་དབང་འཐབ་རྩོད་པ་གཉིས་ཡིན་པ་དང་མི་རིགས་དེ་གཉིས་ཀྱིས་རྩེད་འགྲན་སྐབས་ཟིང་ཆ་བསླང་རྒྱུའི་ངན་བྱུས་གཤམ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎