རྒྱ་ནག་ཏུ་གཉེར་བའི་འགྲེམས་སྟོན་ནང་དབྱིན་ཇིའི་ཟློས་གར་སྐོར།

ཟློས་གར་གྱི་འཁྲབ་སྟོན་གཞས་ཚིག་བོད་དོན་རྒྱབ་སྐྱོར་གྱི་ནང་དོན་མཚོན་ཡོད་ལུགས་ཀྱིས་འཁྲབ་སྟོན་བྱེད་རྒྱུའི་འཆར་གཞི་ནས་ཕྱིར་འཐེན།

2010-08-31
Share

༄༅༎རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧད་ནང་ཚོགས་བཞིན་པའི་འགྲེམས་སྟོན་གྱི་དུས་ཆེན་ནང་དབྱིན་ཇིའི་རྒྱལ་ཡོངས་སྦེ་ལེ་ཞེས་པའི་ཟློས་གར་གྱི་ཁྲབ་སྟོན་དེའི་གཞས་ཚིག་བོད་དོན་རྒྱབ་སྐྱོར་གྱི་ནང་དོན་མཚོན་ཡོད་ལུགས་ཀྱིས་འཁྲབ་སྟོན་བྱེད་རྒྱུའི་འཆར་གཞི་ནས་ཕྱིར་འཐེན་བྱས་ཡོད་པ་རེད།

དེ་རིང་ཕ་ཡུལ་དྲ་རྒྱའི་གསར་འགྱུར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཧྲང་ཧད་འགྲེམས་སྟོན་གྱི་དུས་ཆེན་དེ་ནི་ཕྱི་ཟླ་ལྔ་པའི་ཚེས་༡ ནས་འགོ་ཚུགས་ཏེ། ཕྱི་ཟླ་བཅིུས་པའི་ཚེས་༣༡བར་ཚོགས་རྒྱུ་ཡིན་ཞིང༌། དེའི་ནང་རྒྱལ་ཁབ་ཁག་༡༩༠ལྷག་མཉམ་ཞུགས་ཀྱིས་རིག་གཞུང་གི་འཁྲབ་སྟོན་རིམ་པ་མང་པོ་ཞིག་བྱེད་ཀྱི་ཡོད་པའི་གྲས་སུ་ཕྱི་ཟླ་དགུ་པའི་ཚེས་༨ཉིན་དུས་ཆེན་དེའི་ཐོག་དབྱིན་ཇིའི་རྒྱལ་ཡོངས་དུས་སྟོན་ཞེས་པ་སྲུང་བརྩི་ཞུ་བར་དབྱིན་ཇིའི་རྒྱལ་ཡོངས་སྦེ་ལེ་འཁྲབ་སྟོན་པས་ཐག་རིང་གི་སྐྱོ་གདུང་ཞེས་འབོད་པའི་སྦེ་ལེ་འཁྲབ་ཚན་གསར་པ་ཞིག་འཁྲབ་སྟོན་བྱེད་རྒྱུའི་འཆར་གཞི་ཡོད་པ་མ་ཟད། དེ་ཡང་འཁྲབ་སྟོན་བྱེད་མཁན་དབྱིན་ཇི་བ་དྲུག་དང་རྒྱ་རིགས་དྲུག་ཀྱིས་དབྱིན་ཇིའི་སྲིད་བློན་ཌེ་ལྦི་ཌི་ཁེ་མི་རོན་དང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་དང་དབྱིན་ཇིའི་རྒྱལ་སྲས་ཨེན་དྲི་རུ་སོགས་གནད་ཡོད་དཔོན་རིགས་ཀྱི་མདུན་དུ་འཁྲབ་སྟོན་བྱེད་རྒྱུའི་སྔོན་གྱི་འཆར་གཞི་ཡོད་ཀྱང་ད་ཆ་འཁྲབ་སྟོན་བྱེད་མི་ཆོག་པའི་བཀག་འགོག་བྱས་ཡོད་པ་རེད། འབྲེལ་ཡོད་དབྱིན་ཇིའི་ལས་ཁང་ཞིག་གིས་གསུང་ན། སྦེ་ལེ་ཞེས་པའི་སྒར་སྟེགས་འཁྲབ་ཚན་དེར་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་བྱས་པར་དེར་ཧ་ཅང་གི་བློ་ཕམ་བྱུང་ཞེས་གསུང་ཡོད་པ་དང༌། དབྱིན་ཇིའི་ལས་ཁང་དེ་ནི་དགེ་རྩ་ཚོགས་པ་ཞིག་ཡིན་ཞིང༌། ཁོང་ཚོས་རྒྱ་ནག་ནང་རིག་གཞུང་གོ་རྟོག་སྤེལ་བའི་ལས་དོན་རིམ་པ་མང་པོ་ཞིག་གོ་སྒྲིག་བྱས་པ་བརྒྱུད་རྒྱ་ནག་དང་དབྱིན་ཇིའི་དབར་ལ་རིག་གཞུང་དང་ཆེད་ལས་ཀྱི་ལས་དོན། དཔལ་འབྱོར་གྱི་འབྲེལ་ལམ་ཡར་རྒྱས་དང་ནུས་སྟོབས་ཆེ་རུ་གཏོང་ཐབས་གནང་མཁན་ཞིག་ཡིན་པ་རེད། དབྱིན་ཇིའི་གཞས་ཚིག་རྩོམ་བྲིས་པ་སྐུ་ཞབས་པིཏ་ལྦ་ཡར་ནི། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པར་ངོ་རྒོལ་གནང་མཁན་གྱི་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་ཞིང༌། ཁོང་གིས་ཀྲའེམ་སི་ཞེས་པའི་གསར་ཤོག་ལས་ཁང་ལ། དབྱིན་ཇིའི་སྦེ་ལེ་འཁྲབ་ཚན་ཕྱིར་བསྡུ་བྱས་པ་དེ་ནི་རྒྱ་ནག་གཞུང་གི་ཐད་ཀའི་གནོན་ཤུགས་ཡིན་ནམ་ཡང་ན་དབྱིན་ཇིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་གནོན་ཤུགས་ཡིན་མིན་གསལ་པོ་མེད་པ་གསུང་ཡོད་པ་རེད། སྐུ་ཞབས་པིཏ་ཡིས་དེ་སྔོན་ཨོ་པ་ར་ཞེས་པའི་ཕྱི་རྒྱལ་གྱི་ལྷ་མོའི་འཁྲབ་གཞུང་ཞིག་ལ་བོད་ཀྱི་བཙུན་མ་ཆབ་སྲིད་བཙོན་པ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཇི་ཙམ་ཞུ་གི་ཡོད་པའི་ནང་དོན་མཚོན་པའི་གཞས་ཚིག་རྩོམ་བྲིས་གནང་མྱོང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།