བང་རི་རིན་པོ་ཆེ་བཙོན་གྲོལ་བཏང་ཡོད་མེད་ཁ་གསལ་བཟོ་དགོས་བའི་འབོད་སྐུལ།

2021-08-02
Share
བང་རི་རིན་པོ་ཆེ་བཙོན་གྲོལ་བཏང་ཡོད་མེད་ཁ་གསལ་བཟོ་དགོས་བའི་འབོད་སྐུལ། བང་རི་རིན་པོ་ཆེ་དང་བཙོན་ཁང་དུ་བཞུགས་སྐབས་ཀྱི་པར།
TCHRD

བང་རི་རིན་པོ་ཆེ་དུས་བཀག་བཙོན་འཇུག་གི་དུས་ཡུན་ཚང་ཟིན་ནའང་རྒྱ་ནག་གཞུང་གིས་བཙོན་གྲོལ་བཏང་ཡོད་མེད་གནས་ཚུལ་ཁ་གསལ་མེད་པར་བརྟེན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་སེམས་འཚབ་བྱེད་བཞིན་འདུག
བོད་ནང་རྒྱ་མཚོ་བུ་ཕྲུག་གསོ་སྐྱོང་ཁང་གསར་འཛུགས་གནང་མཁན་བང་རི་མཚམས་སྤྲུལ་རིན་པོ་ཆེ་རྒྱ་ནག་གཞུང་གིས་ལྷ་སའི་ཉེ་འཁྲིས་སུ་ཆགས་པའི་ཆུ་ཤུར་རྫོང་གི་བཙོན་ཁང་ནང་མི་ལོ་༡༨་རིང་དུས་བཀག་བཙོན་འཇུག་བྱས་ཏེ། འདི་ལོའི་སྤྱི་ཟླ་༧་པའི་ཚེས་༣༡་ཉིན་གློད་གྲོལ་གྱི་དུས་ཡུན་ཚང་ཟིན་ཡོད་ནའང་། ད་ལྟའི་ཆར་རིན་པོ་ཆེ་ཁོང་གི་སྐོར་ལ་གནས་ཚུལ་གསར་པ་གང་ཡང་ཐོན་མེད་པའི་ཁར། སྤྱི་ལོ་༢༠༠༥་ཙམ་ནས་ཁོང་ལ་སྙིང་ནད་དང་མཁྲིས་རྡོའི་ནད་གཞི་ཕོག་པ་ནས་བཟུང་ད་བར་རྒྱ་ནག་གཞུང་གིས་ཁོང་གི་འཕྲོད་བསྟེན་དང་སྐུ་གཟུགས་ཀྱི་གནས་སྟངས། ད་ལྟ་གློད་གྲོལ་བཏང་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མེད་པར་བརྟེན། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་ནས་ཧ་ཅང་གི་སེམས་འཚབ་ཡོད་པ་ལྟེ་གནས་ཁང་དེ་ཉིད་ཀྱི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
བང་རི་མཚམས་སྤྲུལ་རིན་པོ་ཆེ་ནི། ཡུལ་ཤུལ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ནང་ཆེན་རྫོང་དུ་ཆགས་པའི་བང་རི་དགོན་པ་ནས་ཡིན་འདུག་ཅིང་། སྤྱི་ལོ་༡༩༩༩་ལོའི་སྤྱི་ཟླ་༨་པའི་ཚེས་༢༧་ཉིན་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་བཟའ་ཟླ་ཉི་མ་ཆོས་སྒྲོན་གཉིས་ལྷ་སར་འཛིན་བཟུང་བྱས་འདུག་ཅིང་། ཁོང་གཉིས་འཛིན་བཟུང་བྱེད་དགོས་དོན་ནི། ཨར་ལས་བོགས་ལེན་པ་བཀྲིས་ཚེ་རིང་ལགས་དང་འབྲེལ་བ་ཡོད་ཚུལ་བཤད་དེ་ཁ་བྲལ་རིང་ལུགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག་པ་མ་ཟད། སྤྱི་ལོ་༢༠༠༠་ལོའི་སྤྱི་ཟླ་༩་པའི་ཚེས་༢༦་ཉིན་ལྷ་ས་མི་དམངས་ཁྲིམས་ཁང་ཟེར་བས་རིན་པོ་ཆེ་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག་པ་དང་། ཁོང་གི་བཟའ་ཟླར་ལོ་༡༠་ཡི་ཁྲིམས་ཐག་བཅད་ནས་ཁོང་མོ་སྤྱི་ལོ་༢༠༠༦་ལོའི་སྤྱི་ཟླ་༢ པའི་ནང་གློད་གློལ་བཏང་ཡོད་པ་རེད།
དེ་སྔོན་ཨར་ལས་བོགས་ལེན་པ་བཀྲིས་ཚེ་རིང་ལགས་ཀྱིས་བང་རི་མཚམས་སྤྲུལ་རིན་པོ་ཆེའི་ཁང་པ་དང་ཨར་ལས་ཀྱི་ལས་གཞི་ཁག་ཅིག་ཡར་རྒྱས་བཏང་ཡོད་པ་སོགས་ཁོང་གཉིས་བར་འབྲེལ་བ་ཡོད་ཚུལ་རྒྱ་ནག་གཞུང་གིས་བཤད་ཀྱི་ཡོད་པ་དང་། དེ་སྔོན་ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་གྲངས་ཉུང་མི་རིགས་ཀྱི་རྩེད་འགྲན་ཐེངས་༦ པ་ཟེར་བ་དེ་མཇུག་སྒྲིལ་ཟིན་པའི་སྐབས་ཁོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སླད་རྒྱ་ནག་གི་རྒྱལ་དར་ཕབ་ཡོད་པ་མ་ཟད། པོ་ཏ་ལའི་མདུན་དུ་འབར་རྫས་སྤར་ཐབས་བྱེད་པ་སོགས་ལས་འགུལ་སྤེལ་ཡོད་ཚུལ་བསྒྲགས་ཏེ་སྤྱི་ལོ་༡༩༩༩ལོར་འཛིན་བཟུང་བྱས་ཡོད་པ་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གིས། རྒྱ་ནག་གཞུང་གིས་ངེས་པར་དུ་བང་རི་རིན་པོ་ཆེའི་ད་ལྟའི་གཟུགས་གཞིའི་གནས་སྟངས་སོགས་ཀྱི་ཐད་གནས་ཚུལ་ཁ་གསལ་སྟོན་དགོས་པ་མ་ཟད། ད་བར་འཕྲོད་བསྟེན་ལྟ་སྐྱོང་དང་སྨན་བཅོས་འཐུས་ཚང་བྱས་ཡོད་པ་ར་སྤྲོད་ངེས་པར་དུ་བྱེད་དགོས་ལ། ཁོང་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ཚེ། དེ་འབྲེལ་དཔང་རྟགས་ཁ་གསལ་སྟོན་དགོས་པ་འགྲེལ་བརྗོད་གནང་སོང་།
སྤྱི་ལོ་༢༠༠༣་ལོའི་སྤྱི་ཟླ་༧་པའི་ཚེས་༣༡་ཉིན་རིན་པོ་ཆེའི་ཚེ་བཙོན་གྱི་ཁྲིམས་བཅད་དེ་གུ་ཡངས་བཏང་སྟེ་མི་ལོ་༡༩་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་ནས་སྤྱི་ལོ་༢༠༠༥ལོའི་དབྱར་དུས་སྐབས་ལྷ་སར་ཡོད་པའི་གྲྭ་བཞི་བཙོན་ཁང་ནས་ཆུ་ཤུར་རྫོང་གི་བཙོན་ཁང་དུ་སྤོས་ཡོད་པ་དང་། དེའི་ནང་ཁོང་གི་བཙོན་འཇུག་ཁྲིམས་བཅད་དེ་ལོ་གཅིག་ཉུང་དུ་བཏང་སྟེ་མཐར་ལོ་༡༨་རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ་སྤྱི་ལོ་༢༠༢༡་ལོའི་སྤྱི་ཟླ ༧་པའི་ཚེས་༣༡ ཉིན་གློད་གྲོལ་གཏོང་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།
བང་རི་མཚམས་སྤྲུལ་རིན་པོ་ཆེ་ནི། མདོ་ཁམས་ནང་ཆེན་དུ་འཁྲུངས་ཤིང་། མཚན་གཞན་འཇིགས་མེད་བསྟན་འཛིན་ཡིན་འདུག རིན་པོ་ཆེ་ནི་དམིགས་བསལ་གྱི་དྭ་ཕྲུག་ཚོར་ཐུགས་ཁུར་དང་གསོ་སྐྱོང་གནང་མཁན་ཞིག་ཡིན་འདུག་པ་དང་། ཁོང་རང་ཉིད་ནས་འགྲོ་སོང་བཏང་བ་དང་ཞལ་འདེབས་སོགས་ལ་བརྟེན་ནས་ལྷ་སའི་ནོར་བུ་གླིང་ཁའི་ཉེ་འཁྲིས་སུ་རྒྱ་མཚོ་བུ་ཕྲུག་གསོ་སྐྱོང་ཁང་ཟེར་བ་ཞིག་གསར་འཛུགས་གནང་སྟེ་སྤྱི་ལོ་༡༩༩༦་ལོར་དྭ་ཕྲུག་༤༠་ཙམ་གསར་བཅུག་གནང་ནས་གསོ་སྐྱོང་གནང་ཡོད། འོན་ཀྱང་། ༡༩༩༩་ལོར་རིན་པོ་ཆེ་བཙོན་འཇུག་བྱས་རྗེས་རྒྱ་ནག་གཞུང་གིས་རྒྱ་མཚོ་བུ་ཕྲུག་གསོ་སྐྱོང་ཁང་དེ་བཞིན་ཁྲིམས་འགལ་ཡིན་ཚུལ་བསྒྲགས་ཏེ་ལོ་དེའི་སྤྱི་ཟླ་༡༠་པའི་ནང་སྒོ་བརྒྱབ་བཅུག་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།