སྦི་སྦི་སི་གསར་འགོད་པས་བོད་ནང་གི་མཐོང་ཚུལ་གླེང་བ།

ཉེ་ཆར་ཕྱི་རྒྱལ་གསར་འགོད་པ་འགའ་ཤས་ལྷ་སའི་ནང་དམིགས་བསལ་བཀོད་སྒྲིག་བྱས་པའི་འོག་ལྟ་སྐོར་འཁྲིད་ཡོད་པ་རེད།

2010.07.15

༄༅༎དེ་སྔ་ཕྱི་ལོ་༢༠༠༨ལོར་བོད་ནང་དོན་རྐྱེན་བྱུང་བའི་རྗེས་སུ་ཕྱིའི་གསར་འགོད་པ་བོད་ནང་བསྐྱོད་རྒྱུར་དམ་བསྒྲགས་བྱས་ཡོད་ཀྱང་ཉེ་ཆར་ཕྱི་རྒྱལ་གསར་འགོད་པ་འགའ་ཤས་ལྷ་སའི་ནང་དམིགས་བསལ་བཀོད་སྒྲིག་བྱ་པའི་འོག་ལྟ་སྐོར་འཁྲིད་ཡོད་པ་རེད། དེ་ཡང་དེ་རིང་སྦི་སྦི་སི་གསར་འགོད་པ་ཌེ་མི་ཡེན་གེར་མེ་ཀྲི་ཀ་ཞེས་པས་ལྷ་ས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཁོང་ཚོའི་མཉམ་དུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དྲག་ཆས་གྱོན་པ་དང་མ་གྱོན་པར་གསང་བའི་ཐོག་ནས་ཆེད་མངགས་སོ་ཉུལ་བཏང་བ་སོགས་ཀྱིས་དམ་བསྒྲགས་ཧ་ཅང་ཆེན་པོ་བྱས་ཡོད་འདུག། དཔེར་ན། ལྷ་སའི་ནང་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་། གསར་འགོད་པ་ཚོ་ལྟ་སྐོར་འཁྲིད་པའི་སྐབས་སློབ་ཕྲུག་འགའ་ཤས་ལ་གནས་ཚུལ་སྐད་ཆ་འདྲིས་རྩིས་བྱས་ཀྱང་སྐོར་སྲུང་བ་ཚོས་བཀག་འགོག་བྱས་པ་དང་། དེ་བཞིན་ཇོ་ཁང་མདུན་གནས་སྐོར་བ་ཚོར་ཡང་འདྲི་རྩད་བྱེད་མ་བཅུག་པར་དྲག་ཆས་མ་གྱོན་པའི་ལས་བྱེད་པས་རྗེས་འདེད་བཏང་བ་སོགས་ཀྱིས་གནས་ཚུལ་བྱུང་འདུག ཡིན་ནའང་དེ་སྔ་ཕྱི་ལོ་༢༠༠༨ལོར་ཇོ་ཁང་མདུན་ཕྱི་རྒྱལ་གསར་འགོད་པ་ཚོར་བོད་ནང་རང་དབང་མེད་ལུགས་འགྲེལ་བརྗོད་བྱེད་མཁན་གྱི་དགེ་འདུན་པ་ནོར་རྒྱས་ཞེས་པ་དེ་རྒྱ་མིའི་ཉེན་རྟོག་པས་ཆེད་མངགས་གསར་འགོད་པའི་མདུན་ལ་བཏང་ནས་སྐད་ཆ་བཤད་བཅུག་པའི་སྐབས་ཁོ་པ་མགོ་བོ་སྒུར་ནས་ཁོ་པར་ཆབ་སྲིད་ཀྱི་སློབ་གསོ་ཡག་པོ་སྤྲད་པར་བརྟེན་དེ་སྔ་བཤད་པའི་སྐད་ཆ་དེ་ཚོ་ནོར་འཁྲུལ་ཡིན་པ་ཤེས་བྱུང་ཞེས་འགྲེལ་བརྗོད་བྱེད་ཀྱི་འདུག་ཀྱང་སླར་ཡང་ཁོང་ལ་སྐབས་དེར་ཁྱེད་རང་གི་རང་དབང་མི་འདུག་ཅེས་སྐད་རྒྱབ་པ་དེའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་འདྲིས་པའི་སྐབས་བོད་སྐད་ཐོག་ནས་གྲྭ་པ་རྒན་པ་ཞིག་ལ་བལྟས་ནས་ལན་ག་རེ་རྒྱབ་དགོས་རེད་ཟེར་སྐད་ཆ་འདྲིས་པ་བཅས་སྲང་ལམ་བོད་པ་ཚོར་སྐད་ཆ་འདྲིས་རྩིས་བྱས་པའི་སྐབས་གང་ས་ནས་རྒྱ་མིའི་ཉེན་རྟོག་པས་གསོ་ལྟ་བྱེད་པ་མ་ཟད་བོད་མི་ཁག་ཅིག་གིས་ཁྱེད་ཚོར་སྐད་ཆ་བཤོད་ནའང་རྗེས་སུ་དོ་དམ་བྱེད་ཀྱི་རེད་ཅེས་ལན་མ་རྒྱབ་པའི་གནས་ཚུལ་བྱུང་ཡོད་པ་རེད། ཡིནནའང་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཙོ་གཞོན་པ་ཧའོ་པིང་གིས། བོད་ནང་རྒྱ་ནག་གཞུང་ནས་ལོ་ངོ་དྲུག་བཅུའི་རིང་འཛུགས་སྐྲུན་ཡར་རྒྱས་བཏང་ནས་བོད་མི་ཚོར་དེ་སྔ་མྱོང་འཚོར་བྱུང་མེད་པའི་བདེ་སྐྱིད་ཀྱི་འཚོ་བ་ཞིག་སྐྲུན་ཐུབ་ཡོད་ལུགས། བོད་མི་ཚོས་རྒྱ་ནག་གུང་བྲན་སྲིད་གཞུང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལུགས་སོགས་འགྲེལ་བརྗོད་བྱས་པ་དང་། ལྷ་སའི་ནང་དམ་བསྒྲགས་བྱེད་དགོས་དོན་ནི་ཕྱི་ཕྱོགས་ནས་ཏཱ་ལའི་ཁ་བྲལ་རུ་ཁག་གིབརྟན་ལྷིང་མེད་པ་བཟོ་ཐབས་བྱེད་པ་དེ་དག་ལ་གདོང་ལེན་བྱེད་རྒྱུའི་ཆེད་ཡིན་ལུགས་དག་སེལ་བྱེད་ཀྱི་འདུག གང་ལྟར་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོས་འགྲེལ་བརྗོད་ག་འདྲ་ཞིག་རྒྱབ་རུང་བོད་ནང་གི་བོད་མི་ཚོར་དམ་བསྒྲགས་དང་། ཁོང་ཚོ་ཞེད་སྣང་ངང་མི་ཚེ་སྐྱེལ་བཞིན་ཡོད་པའི་ཚོར་སྣང་བྱུང་ཡོད་ལུགས་སྦི་སྦི་སི་གསར་འགོད་པ་དཔྱད་ཞིབ་བྱེད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎