པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་གཉིས་མཉམ་ཞུགས་ཐུབ་ཀྱི་ཡོད་པ་བསྒྲགས་འདུག

2022.01.27
པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་གཉིས་མཉམ་ཞུགས་ཐུབ་ཀྱི་ཡོད་པ་བསྒྲགས་འདུག བོད་རིགས་རྩེད་འགྲན་པ་གཉིས།
Chinese State Media

རྒྱ་ནག་པེ་ཅིང་དུ་འཚོགས་རྒྱུའི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་གཉིས་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག་པ་དང་། ཁོ་གཉིས་ནི་ལོ་ན་༡༨་ལ་སོན་པའི་དབྱངས་ཅན་ལྷ་མོ་ལགས་དང་ཚེ་རིང་དགྲ་འདུལ་ལགས་ཡིན་པ་དང་། ཁོང་གཉིས་ཀྱིས་གངས་འཁྱགས་ཐོག་པང་ལེབ་འཁྱགས་ཤུད་འགྲན་སྡུར་དང་གངས་ཤུད་འགྲན་སྡུར་བཅས་ཀྱི་དགུན་དུས་ཀྱི་ཨོ་ལིམ་པིཀསི་(Olympics)་ཨོ་ལམ་པིཀསི་རྩེད་འགྲན་ནང་མཉམ་ཞུགས་བྱེད་རྒྱུ་ཡིན་པ་རྒྱ་ནག་གི་གསར་ལམ་ཁག་གིས་བསྒྲགས་འདུག
ད་རེས་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་དེར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ཨ་མི་རི་ཀ་གཙོས་རྒྱལ་ཁབ་ཁག་མང་པོས་རྩེད་འགྲན་དེར་གཞུང་འབྲེལ་མི་སྣ་གཏོང་རྒྱུ་མིན་པའི་ཐག་གཅོད་གནང་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དང་། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་མི་དང་། ཡུ་གུར་བའི་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་བཞིན་པའི་སྲིད་ཇུས་དང་། འགྲོ་བ་མིའི་ཐོང་ཐང་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་ནས། རྒྱ་ནག་གཞུང་ལ་རྩེད་འགྲན་གྱི་མགྲོན་བདག་བྱེད་རྒྱུའི་འོས་བབས་མེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ནང་རྩེད་འགྲན་དེ་བཀག་སྡོམ་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ལ་ངོ་རྒོལ་ཞུ་གཏུག་ཆེད་ད་སྐབས་ཡོ་རོབ་ནང་སྐོར་བསྐྱོད་གནང་བཞིན་པ་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། མའོ་ཙེ་ཏུང་གཉིས་བ་ལྟ་བུའི་སྲིད་འཛིན་ཞེ་ཅིན་ཕིང་གིས་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ནང་དམ་དྲག་དྲག་གནོན་གྱིས་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་སྤེལ་བཞིན་པའི་སྐབས་འདིར་བོད་མི་གཉིས་ཨོ་ལིམ་པིཀསི་རྩེད་འགྲན་ནང་མཉམ་ཞུགས་ཐུབ་ཡོད་པ་རེད་། མི་དེ་ཚོ་ལ་འདོད་པ་ཡོད་མེད་ལ་མ་བལྟོས་བར་དབང་ཆ་ཁོ་ན་བེད་སྤྱོད་བཏང་ནས་མི་རིགས་ཤིག་གི་ཚབ་མཚོན་ལ་འཛེམས་ཟོན་མེད་པར་དབང་ཆ་བེད་སྤྱོད་བཏང་ནས་ཁྱབ་བསྒྲགས་བྱེད་གི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཟེར།

Olympics protest.jpg
ཡང་ཁེ་ཎ་ཊར་གནས་སྡོད་གནང་བཞིན་པ་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་གསུངས་ན། ད་རེས་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་བོད་མི་མཉམ་ཞུགས་ཐུབ་པར་ང་བོད་མི་ཞིག་ཡིན་པའི་ཆ་ནས་སྤོབས་པ་དང་དགའ་བསུ་ཡོད། ཡིན་ན་ཡང་ཁོང་རྣམ་པས་བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་རྟོགས་ཐུབ་རྒྱུ་གལ་ཆེན་ཡིན་པའི་ཁར། བོད་ཕྱི་ནང་གཉིས་ཀྱི་བོད་མིའི་བར་ཕན་ཚུན་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་ཡིན་པའི་བསམ་ཚུལ་གསུངས་བྱུང་།
དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་དགོངས་ཚུལ་བཅར་འདྲི་ཞུས་སྐབས་ཁོང་གིས། བོད་ནང་གི་བོད་མི་ད་རེས་པེ་ཅིང་གི་དགུན་དུས་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་བཞིན་པར་མི་འདོད་པའི་བསམ་ཚུལ་མེད། བོད་ནང་གི་བོད་མི་ཚོར་རང་དབང་གང་ཡང་མེད་པ་དང་རྒྱ་ནག་གཞུང་གི་བཀོད་ཇུས་ལྟར་འགྲོ་དགོས་པ་གསལ་བོ་རེད། ལྷག་པར་ད་རེས་རྩེད་འགྲན་དེར་ཕྱི་ཕྱོགས་ནས་བསྟུད་མར་ངོ་རྒོལ་ཤུགས་ཆེན་བྱས་བར་བརྟེན་རྒྱ་ནག་གི་ཕྱོགས་ནས་འཛམ་གླིང་སྟོན་རྒྱུའི་ཆབ་སྲིད་ཀྱི་འཁྲབ་སྟོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཟེར།

རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཚེ་རིང་དགྲ་འདུལ་ལགས་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་གྱི་ལུས་རྩལ་པ་ཞིག་ཡིན་པ་དང་། སྤྱིར་བཏང་ཁོང་ནི་རྒྱང་རྒྱུག་ལུས་རྩལ་པ་ཞིག་ཡིན་ནའང་། ཕྱིས་སུ་ཆེད་ལས་བརྒལ་ཏེ་གངས་ཤུད་ལུས་རྩལ་པ་ཞིག་ལ་གྱུར་ཡོད། ༢༠༡༧་ལོའི་ཟླ་༡༢་པར་གངས་ཤུད་རི་འཛེག་བོད་ལྗོངས་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཟེར་བའི་ནང་བདམས་པ་དང་། ༢༠༡༩་ལོའི་ཟླ་༡༠་པར་གངས་ཤུད་རི་འཛེག་རྒྱལ་ཁབ་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཟེར་བའི་ནང་ཚུད་འདུག ༢༠༢༠་ལོའི་ཟླ་༦་པར་བྱེས་བགྲོད་གངས་ཤུད་རྒྱལ་ཁབ་ཀྱི་གཅིག་སྡུད་སྦྱོང་བརྡར་རུ་ཁག་ཟེར་བའི་ནང་ཚུད་འདུག
གཞན་རང་ལོ་༡༨་སོན་པའི་བོད་རིགས་ལུས་རྩལ་བ་དབྱངས་ཅན་ལྷ་མོ་ལགས་ནི་གངས་ཤུད་རྩེད་འགྲན་མ་ཞིག་ཡིན་པ་དང་། ཁོང་ཕྱི་ལོ་༢༠༠༤་ལོར་བོད་ཆབ་མདོ་གྲོང་ཁྱེར་དུ་སྐྱེས་ཤིང་། ཕྱི་ལོ་༢༠༡༨་ལོར་གངས་ཤུད་འགྲན་རྩོད་པའི་གྲས་སུ་འདེམས་ཐོན་མ་བྱུང་སྔོན་ཁོ་མོ་རྐང་རྩེད་སྤོ་ལོའི་རྩེད་འགྲན་མ་ཞིག་ཡིན་པ་རེད་། ཕྱི་ལོ་༢༠༢༡་ལོ་དང་༢༢་ལོའི་རྒྱལ་སྤྱིའི་གངས་ཤུད་རྩེད་འགྲན་དེ་བཞིན་ཨུ་རུ་སུའི་ནང་ཚོགས་པའི་སྐབས་དབྱངས་ཅན་ལྷ་མོ་ལགས་ལ་འགྲན་བསྡུར་ནང་ཨང་༡༧་པ་ཐོབ་འདུག
གཞན་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། བོད་རིགས་ལུས་རྩལ་བ་ཉི་མ་དབྱངས་ཅན་དང་། བསྟན་འཛིན་དབང་འདུས། རབ་རྒྱས་བཅས་གསུམ་ལུས་རྩལ་འགྲན་བསྡུར་ནང་ཚུད་མེད་ཀྱང་ཚོད་ལྟའི་གངས་ཤུད་པ་དང་འགྲན་བསྡུར་སྐབས་ཀྱི་ལག་རྩལ་མི་སྣ་སོགས་སུ་བདམས་ཡོད་པ་བསྒྲགས་འདུག
ཕྱི་ཕྱོགས་ནས་ངོ་རྒོལ་བསྟུད་མར་བྱས་མིན་ལ་མ་བལྟོས་བར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་གཏོང་བཞིན་པའི་ངོ་རྒོལ་སྐྱོན་བརྗོད་དེ་རིགས་ངོས་ལེན་མི་བྱེད་པར་དེ་ལས་ལྡོག་ཏེ་ལུས་རྩལ་བྱེད་སྒོ་དེ་ཆབ་སྲིད་ཅན་དུ་བསྒྱུར་རྒྱུར་ངོ་རྒོལ་ཡོད་པ་བརྗོད་བཞིན་པ་རེད།

གསར་འགོད་པ། འཆི་མེད།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎