ཧོང་ཀོང་ནང་མང་གཙོའི་ལས་འགུལ་ལ་འགོག་རྐྱེན་བཟོ་རྩིས།

ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་ཚོས་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་ནས་འགོག་རྐྱེན་བཟོ་རྩིས་བྱེད་ཀྱི་ཡོད་པ་དེར་སླར་ཡང་སྐྱོན་བརྗོད།

2010-12-30
Share

༄༅༎ཧོང་ཀོང་ནང་མང་གཙོ་དོན་གཉེར་བ་ཚོས་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་ནས་འགོག་རྐྱེན་བཟོ་རྩིས་བྱེད་ཀྱི་ཡོད་པ་དེར་སླར་ཡང་སྐྱོན་བརྗོད་བྱེད་ཡོད་པའི་གནས་ཚུལ་འདུག

ཉེ་ཆར་ཧོང་ཀོང་ནང་རྒྱ་ནག་གཞུང་ནས་ཕྲུ་གུའི་འོ་མར་ལྷད་བསྲེས་ནས་ཕྲུ་གུ་མང་པོར་གནོད་སྐྱོན་བཏང་བའི་གནས་ཚུལ་དེའི་འོག་ནས་ཀྲའོ་ཞེས་པའི་མི་ཞིག་གིས་དོ་ཕོག་བྱུང་བའི་ཕ་མ་ཁག་ཅིག་དང་མཉམ་དུ་ངོ་རྒོལ་གྱི་ལས་འགུལ་སྐུལ་སློང་བྱས་ཡོད་པར་བརྟེན་ཁོ་པར་སྤྱི་ཚོགས་བརྟན་ལྷིང་མེད་པ་བཟོ་གི་ཡོད་པའི་ཉེས་མིང་འོག་ལོ་གཉིས་དང་ཕྱེད་ཀའི་བཙོན་བཅུག་ཉེས་ཆད་བཀལ་ཡོད་པ་རེད།

བསྲེས་ལྷད་ཡོད་པའི་འོ་མ་འཐུང་བའི་རྐྱེན་གྱིས་ཁོ་པ་རང་ཉིད་ཀྱི་བུ་ལོ་ན་གསུམ་ཡིན་པ་དེའི་མཁལ་མའི་ནང་རྡོ་བསགས་ནས་ནད་ཕོག་ཡོད་པ་རེད། ཁོ་པར་ཁྲིམས་ཆད་བཀལ་བ་དེ་དྲང་བདེན་ཞིག་མིན་ལུགས་ཧོང་ཀོང་ནང་ཉེ་ཆར་མང་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བས་མ་ཟད་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཞིག་གིས་ཀྲང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ལུགས་བཤད་པའི་གནད་དོན་ལ་ཧོང་ཀོང་ལས་དོན་ཚན་པའི་སྤྱི་ཁྱབ་ལྦང་གིས། རྒྱ་ནག་སྐམ་ས་ཆེན་པོའི་ལས་དོན་ལ་ཕྱི་ཕྱོགས་ནས་ཐེ་བྱུས་བྱས་པ་ཡིན་ན་འགྲིགས་ཀྱི་མེད། ཁྲོམ་པའི་ཆུ་དང་། གཙང་པོའི་ཆུ་གཉིས་བསྲེས་རྒྱུ་ཡོད་མ་རེད་ཅེས་གང་ལྟར་རྒྱ་ནག་གཞུང་གི་ནང་སྲིད་ལ་ཕྱི་ཕྱོགས་ནས་ཐེ་བྱུས་བྱེད་རྒྱུ་མེད་ལུགས་གཏམ་བཤད་སྤེལ་ཡོད་པ་རེད།

འོན་ཀྱང་ཧོང་ཀོང་ནང་གི་གྲོས་ཚོགས་འཐུས་མི་ལི་ ཆུག་ཡན་གྱིས། སོ་སོའི་རྒྱལ་ཁབ་ལ་དགའ་ཞེན་ཡོད་པ་དེས་རྒྱ་ནག་གུང་བྲན་ཚོགས་པར་དགའ་པོ་ཡོད་པའི་ཁྱབ་པ་གང་ཡང་ཡོད་མ་རེད། ང་ཚོས་མི་མང་གི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་ཅིག་ཏུ་བྱེད་ཀྱི་རེད། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་པ་དེས་རྒྱལ་ཞེན་ཡོད་མེད་ཀྱི་གནད་དོན་ཞིག་མ་རེད་ཅེས་གསུངས་ནས་རྒྱ་ནག་གཞུང་ནས་ཧོང་ཀོང་གི་མང་གཙོའི་ལམ་ལུགས་ལ་འགོག་རྐྱེན་བཟོ་རྩིས་བྱས་པ་དེར་ཧོང་ཀོང་ནང་གི་མང་གཙོ་དོན་གཉེར་བ་ཚོས་སྐྱོན་བརྗོད་བྱེད་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།