རྒྱ་ནག་གི་དགག་བྱ་ལ་མ་བལྟོས་བར་མཇལ་འཕྲད་གནང་བ།


2016-10-13
Share
སུད་སིའི་གྲོང་ཁྱེར་Bern་གྱི་སྤྱི་ཁྱབ་པ་(Alexander Tschappat)་ནས་༧གོང་ས་མཆོག་ཕེབས་བསུ་གནང་བ། ༢༠༡༦།༡༠།༡༢ སུད་སིའི་གྲོང་ཁྱེར་Bern་གྱི་སྤྱི་ཁྱབ་པ་(Alexander Tschappat)་ནས་༧གོང་ས་མཆོག་ཕེབས་བསུ་གནང་བ། ༢༠༡༦།༡༠།༡༢
Manuel Bauer

རྒྱ་ནག་གཞུང་གིས་དགག་བྱ་བྱེད་མིན་ལ་མ་བལྟོས་པར་སུད་ཛར་ལེན་ཊིའི་གྲོང་ཁྱེར་ Bern་གྱི་གྲོང་སྡེ་ལས་ཁུངས་ཀྱི་མི་སྣས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། གྲོང་སྡེ་སྤྱི་ཁྱབ་པ་དང་། དབུས་གྲོང་སྡེ་ལས་ཁུངས་ཀྱི་དཔོན་རིགས། དེ་མིན་གནད་ཡོད་མི་སྣ་ཁྱོན་བསྡོམས་༣༠་ཙམ་དང་ལྷན་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་འདུག།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་༡༠་ཚེས་༡༢་ཉིན་སུད་ཛར་ལེན་ཊིའི་གྲོང་ཁྱེར་Bern་གྱི་གྲོང་ཁྱེར་སྤྱི་ཁྱབ་པ་(Alexander Tschappat)་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། གྲོང་ཁྱེར་དེའི་ནང་ཞབས་སོར་འཁོད་ཡོད་པ་རེད། རྒྱ་ནག་གཞུང་གིས་སུད་སིའི་ཕྱི་སྲིད་ལས་ཁུངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སུད་ཛར་ལེན་ཊིར་ཆིབས་བསྒྱུར་ཞབས་སོར་འཁོད་རྒྱུའི་ཐད། མི་དགའ་བ་བྱུང་ལུགས་བརྗོད་ཡོད་པ་Bern་གྲོང་ཁྱེར་གྱི་ཕྱི་འབྲེལ་ལས་དོན་ཚན་པའི་འགན་འཛིན་Regula Buchmuller་གྱིས་Swissinfo་གསར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག།
འདི་ཚེས་༡༣་ཉིན་གྱི་སྔ་དྲོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་Bern་གྲོང་ཁྱེར་ནང་གི་Kursaal་ཚོགས་ཁང་ཆེན་མོའི་ནང་། གོ་ལའི་དཀའ་རྙོག་སེལ་བར་གྲོས་མོལ་དང་མཐུན་སྒྲིལ་གྱི་དགོས་མཁོ་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་སྩལ་གནང་མཛད་པ་དང་། ཉིན་རྒྱབ་Bern་ནས་གྲོང་ཁྱེར་Zurich་རུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།  
སང་ཉིན་ཕྱི་ཚེས་༡༤་ཉིན་སུད་སིའི་བོད་རིགས་མི་དམངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་འབྲེལ་གསུང་ཆོས་དང་སུད་སི་བོད་རིགས་མི་དམངས་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་པ་རེད།
ཕྱི་ཚེས་༡༥་གཟའ་སྤེན་པའི་ཉིན་གྲོང་ཁྱེར་དེའི་ནང་གི་Grossmunster་ཡེ་ཤུའི་མཆོད་ཁང་ཆེན་མོའི་ནང་། ཆོས་ལུགས་མཐུན་སྒྲིལ་ཆེད་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་འདུས་པའི་ཐུགས་སྨོན་གསོལ་འདེབས་ཀྱི་དབུ་མགོན་དུ་ཆིབས་བསྒྱུར་ཞབས་སོར་འགོད་རྒྱུའི་མཛད་འཆར་ཡོད་པ་དང་། རྒྱ་ནག་གཞུང་གི་སྐུ་ཚབ་མི་སྣས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཛུ་རིཀ་གྲོང་ཁྱེར་གྱི་དཔོན་རིགས་དབར་མཇལ་འཕྲད་གནང་རྒྱུ་མེད་པའི་ཞུ་སྐུལ་བྱས་ཡོད་པ་Neue Zurcher Zeitug་ཅེས་པའི་ཚགས་པར་གྱི་གནས་ཚུལ་བཀོད་ཡོད་འདུག། འོན་ཀྱང་ཛུ་རིཀ་གྲོང་སྡེ་ལས་ཁུངས་ཀྱིས་སྤྱིར་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། གྲོང་ཁྱེར་འདིའི་ལས་དོན་ཁག་རང་དབང་གི་ཐོག་ནས་སྤེལ་གྱི་ཡོད་པ་དང་། ཆོས་ལུགས་ཕན་ཚུན་གྱི་སྐུ་ཚབ་མི་སྣའི་དབར་མཇལ་འཕྲད་ཀྱི་གནད་དོན་ལ་གྲོང་ཁྱེར་གྱི་ངོས་ནས་དགའ་བསུ་ཞུ་གི་ཡོད་པ་གསལ་འདུག།
ལྷག་པར་དུ་གཟའ་སྤེན་པའི་མཛད་སྒོ་དེའི་ཐོག་ཛུ་རིཀ་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་འཐུས་མི་གཉིས་མཉམ་ཞུགས་གནང་རྒྱུ་ཡིན་པ་Swissinfo་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།   

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།