འབྲུག་ཡུལ་གྱི་མཐོ་རིམ་མི་སྣ་ཁག་གཅིག་གིས་གྱེན་ལོག་བྱེད་རྩིས་ཀྱིས་འཛིན་བཟུང་བྱས་འདུག

2021-02-18
Share
འབྲུག་ཡུལ་གྱི་མཐོ་རིམ་མི་སྣ་ཁག་གཅིག་གིས་གྱེན་ལོག་བྱེད་རྩིས་ཀྱིས་འཛིན་བཟུང་བྱས་འདུག འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུ། ༢༠༠༩།༧
Lhuboom/RFA

འབྲུག་ཡུལ་གྱི་མཐོ་རིམ་དམག་དཔོན་དང་ཁྲིམས་དཔོན་ཁག་ཅིག་གིས་གྱེན་ལོག་གི་ངན་བྱུས་འཐེན་རྩིས་བྱས་བར་བརྟེན་འཛིན་བཟུང་བཀག་ཉར་བྱས་འདུག
འབྲུག་ཡུལ་གྱི་མཐོ་རིམ་དམག་དཔོན་དང་ཁྲིམས་དཔོན་ཁག་ཅིག་གིས་གྱེན་ལོག་གི་ངན་བྱུས་འཐེན་རྩིས་བྱས་བར་བརྟེན་འཛིན་བཟུང་བཀག་ཉར་གྱིས་ཁྲིམས་བཤེར་བྱེད་བཞིན་ཡོད་འདུག
འདི་ཚེས་༡༨ཉིན་ཨེ་ཕིས་(AP)གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧི་མ་ལ་ཡའི་རྒྱལ་རྒྱུད་འཛིན་པའི་འབྲུག་ཡུལ་ནི་འཛམ་གླིང་སྟེང་བདེ་སྐྱིད་ཀྱི་ཚོར་བ་བླ་མེད་སྟེར་བའི་ཞི་བདེའི་བསྟི་གནས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ཉེ་ཆར་ཡུལ་དེའི་རྒྱལ་པོའི་སྐུ་སྲུང་ཟུར་བ་དམག་དཔོན་འཕྲིན་ལས་སྟོབས་རྒྱས་དང་། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཀུན་ལེགས་ཚེ་རིང་། ས་གནས་རྫོང་གི་ཆེས་མཐོའི་ཁྲིམས་དཔོན་ཡེ་ཤེས་རྡོ་རྗེ་བཅས་ལ་སྲིད་དབང་གྱེན་ལོག་དམག་རྒོལ་དང་། ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཉེས་འཛུགས་འོག་འཛིན་བཟུང་བཀག་ཉར་བྱས་བ་རྣམས་ཟླ་འདིའི་ཚེས་༡༨ཉིན་ཁྲིམས་ཁང་དུ་ཁྲིམས་བཤེར་འགོ་བཙུགས་ཡོད་པ་དང་། ཁོང་ཚོར་གཏའ་མ་བཞག་ནས་གློད་གྲོལ་བཏང་ཆོག་གི་མེད་པར། ཕྱི་ཟླ་༢པའི་ཚེས་༢༧ཉིན་ཉན་ཞིབ་འདྲི་གཅོད་ཐེངས་དང་པོ་བྱེད་རྒྱུ་ཡིན་འདུག
དེ་བཞིན་འབྲུག་ཡུལ་གྱི་གཞུང་འབྲེལ་གསར་ཤོག་ཀུན་གསལ་ནང་། གོང་བརྗོད་མི་སྣ་གསུམ་ནས་འབྲུག་གི་བསྟན་སྲུང་དམག་སྡེའི་གཙོ་འཛིན་གནས་འབྱུང་གཏོང་རྩིས་ཀྱི་གྱེན་ལོག་དམག་རྒོལ་དང་། སྐྱིན་འགྲུལ་དང་འབྲེལ་བའི་མ་དངུལ་ལོག་སྤྱོད་སོགས་ཀྱི་ཉེས་འཛུགས་བྱས་བ་བརྗོད་འདུག
ཡང་ཨེ་ཕིས་གསར་འགྱུར་ནང་དུའང་ཆེས་མཐོའི་དཔོན་རིགས་མགོ་རྟིང་སློག་རྩིས་དང་། སྟོབས་རྒྱས་ནས་ཁྲིམས་འགལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རིགས་ཉོ་སྒྲུབ་དམག་དོན་ཡིག་ཆ་ཪག་ཐབས་བྱས་བ་སོགས་བཀོད་ནས། གནས་ཚུལ་དེ་དག་ཟླ་ཤས་སྔོན་བཀག་ཉར་བྱས་པའི་ཁོང་ཚོ་དང་འབྲེལ་ཡོད་བུད་མེད་ཅིག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པ་སོགས་བརྗོད་འདུག
དེ་ཡང་འབྲུག་ནང་ཡུན་རིང་གནས་སྡོད་དང་ཉམས་ཞིབ་ཀྱི་ཕྱག་ལས་གནང་མྱོང་མཁན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་གསུང་ན། ཐེངས་འདིའི་གནད་དོན་ཐད་གསལ་པོ་ཤེས་རྟོགས་མེད་ཀྱང་འབྲུག་ཡུལ་ནང་དེ་སྔ་ནས་སྲིད་དོན་ཚོགས་པ་སྣ་མང་ཡོད་པའི་བར་འགྲན་རྩོད་དང་རྙོག་དྲ་གང་འཚམས་ཡོད་པ་དང་། ཐེངས་འདིའི་དོན་རྐྱེན་དེའང་སྲིད་དོན་འབྲེལ་ཡོད་སྲིད་ཀྱང་། སྤྱིའི་ཆ་ནས་དམངས་གཙོ་རང་དབང་གི་འབྲུག་ཡུལ་ནང་གནས་ཚུལ་འདི་ལས་འཕོ་འགྱུར་དང་དཀའ་ངལ་ལ་འཕྲད་ཀྱི་རེད་བསམ་གྱི་མེད་ཟེར།
རྒྱ་གར་དང་བོད་ཀྱི་ཁྱིམ་མཚེས་འབྲུག་ཡུལ་ལ་སྤྱིའི་མི་གྲངས་འབུམ་བདུན་དང་ཁྲི་ལྔ་ལྷག་ཡོད་པ་དང་། ཧི་མ་ཡ་ལའི་རི་རྒྱུད་ཀྱི་ཆེས་མཛེས་སྡུག་བདེ་སྐྱིད་ལྡན་པའི་ཡུལ་སྐོར་འགྲུལ་བཞུད་ཀྱི་ཞིང་ཁམས་མཆོག་ཏུ་གྱུར་བ་ཞིག་ཏུ་འཛམ་གླིང་ཐོག་ངོས་འཛིན་གནང་བཞིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།