བུ་འཁྲིད་དཀར་པོ་ཆེ་ལགས་བསྐྱར་དུ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་འདུག

2022.06.03
Share on WhatsApp
Share on WhatsApp
བུ་འཁྲིད་དཀར་པོ་ཆེ་ལགས་བསྐྱར་དུ་མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་འདུག བུ་འཁྲིད་དཀར་པོ་ཆེ་ལགས།
Bhutila Karpoche/FB

འདི་ཟླའི་ཚེས་༢ཉིན་ཁེ་ཎ་ཌའི་ཨོན་ཏྲེ་རི་ཡོ་(Ontario)་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་ཉིན་མཐའ་མ་དགོང་མོའི་ཆུ་ཚོད་༩པར་མཇུག་སྒྲིལ་རྗེས། རིམ་པས་ས་གནས་སོ་སོའི་འོས་བསྡུའི་མཇུག་འབྲས་གྲངས་བཤེར་ཕྱོགས་བསྡོམས་ཀྱིས་གསལ་བསྒྲགས་གནང་བ་ལྟར་ན། ས་གནས་(Parkdale-High Park)་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་བུ་འཁྲིད་དཀར་པོ་ཆེ་ལགས་སུ་བསྐྱར་དུ་ཐེངས་གཉིས་པའི་འོས་བསྡུའི་འགྲན་རྩོད་ཁྲོད་རྒྱལ་ཁ་ཐོབ་འདུག
ས་གནས་(Parkdale-High Park)་ནས་ཁྱོན་མི་གྲངས་ཁྲི་བཞི་དང་ཉིས་སྟོང་དྲུག་བརྒྱ་ལྷག་གིས་འོས་བསྡུའི་ཆ་ཤས་བླངས་ཡོད་པ་ནས་བུ་འཁྲིད་དཀར་པོ་ཆེ་ལགས་སུ་འོས་གྲངས་ཁྲི་གཉིས་དང་གསུམ་སྟོང་བརྒྱ་མེད་ཉི་ཤུ་རྩ་བཞི་ལྷག་ཐོབ་ནས་མངའ་སྡེའི་འཐུས་མིར་བདམས་ཐོན་བྱུང་ཡོད་པ་རེད།
བུ་འཁྲིད་དཀར་པོ་ཆེ་ལགས་ནི། མང་གཙོ་ཡར་རྒྱས་ཚོགས་པའི་ས་གནས་(Parkdale-High Park)་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མིའི་མགྲིན་ཚབ་པ་ཡིན་པ་མ་ཟད། ཁོང་དང་ལྷན་དུ་འགྲན་རྩོད་གནང་མཁན་འོས་མི་བརྒྱད་ཡོད་པ་ནས་གུ་ཡངས་ཚོགས་པའི་འོས་མི་(Karim Bardeesy)་ལགས་ཨང་གཉིས་པ་ཡིན་པ་དང་། ཁོང་ལ་འོས་གྲངས་དགུ་སྟོང་ལྔ་བརྒྱ་བཞི་ཅུ་ཞེ་གསུམ་དང་། ཨང་གསུམ་པ་རྙིང་ཞེན་ཚོགས་པའི་འོས་མི་(Monika Frejlich)་ལགས་སུ་འོས་གྲངས་དྲུག་སྟོང་ཉིས་བརྒྱ་བདུན་ཅུ་ཐོབ་འདུག
ཁེ་ཎ་ཌའི་ཨོན་ཏྲེ་རི་ཡོ་(Ontario)་མངའ་སྡེའི་འོས་བསྡུ་སྐབས་བཞི་བཅུ་ཞེ་གསུམ་པའི་གྲུབ་འབྲས་དང་འབྲེལ་བུ་འཁྲིད་དཀར་པོ་ཆེ་ལགས་ཀྱིས་ཁོང་གི་ནང་མི་ལྷན་རྒྱས་དང་འོས་བསྡུའི་འགྲན་རྩོད་ཁྲོད་དྲིལ་བསྒྲགས་དང་ལས་ཀ་བྱེད་མཁན་དང་། དང་བླངས་པ། རྒྱབ་སྐྱོར་གནང་མཁན་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས་མི་མང་གི་དཀའ་སྡུག་གནས་སྟངས་གང་ཡོད་ཐད་ཁོང་གིས་འགན་བླངས་ནས་མངའ་སྡེའི་གྲོས་ཚོགས་ནང་ལས་ཀ་བྱེད་རྒྱུ་དང་དཀའ་ངལ་སེལ་ཐབས་ལ་འབད་རྒྱུ་ཡིན་པའི་གཏམ་བཤད་གནང་ཡོད་པ་རེད།
ཨོན་ཏྲེ་རི་ཡོ་(Ontario)་མངའ་སྡེའི་གྲོས་ཚོགས་ཀྱི་སྐབས་བཞི་བཅུ་ཞེ་གསུམ་པའི་འོས་བསྡུའི་ནང་ཞབས་སྟེགས་བརྒྱ་དང་ཉི་ཤུ་རྩ་བཞི་ཡོད་པ་ནས། རྙིང་ཞེན་ཚོགས་པར་ཞབས་སྟེགས་གྲངས་བརྒྱད་ཅུ་གྱ་གསུམ་གྱིས་མངའ་སྡེའི་གཞུང་འཛིན་མང་མོས་ཐོབ་པ་དང་། མང་གཙོ་ཡར་རྒྱས་ཚོགས་པར་ཞབས་སྟེགས་སུམ་ཅུ་སོ་གཅིག་གིས་ཕྱོགས་འགལ་ཚོགས་པར་གྱུར་ཡོད་པ་རེད།

bhtila.jpg

བུ་འཁྲིད་དཀར་པོ་ཆེ་ལགས་ནི། བལ་ཡུལ་དུ་བཙན་བྱོལ་བོད་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས་བ་དང་། ལོ་༡༨སྟེང་ཁེ་ཎ་ཌའི་ནང་འབྱོར་ནས་རིམ་པས་ཊོ་རོན་ཊོ་གཙུག་ལག་སློབ་ཆེན་དང་། ཁོ་ལོམ་བྷེ་ཡ་གཙུག་ལག་སློབ་ཆེན་(Columbia University)་བཅས་སུ་འགྲིམས་པ་དང་། ཁོང་མོ་ནི་ཁེ་ཎ་ཌའི་ལོ་རྒྱུས་ནང་བོད་མི་ཞིག་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་བ་ཐོག་མ་དེ་ཡིན་འདུག

གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ས་རཱ་མཐོ་སློབ་ཏུ་ད་བར་སློབ་མ་༥༠༠༠ ལྷག་སློབ་ཐོན་ཟིན་འདུག་པའི་ཁྲོད་མང་པོ་ཞིག་བོད་པའི་སྤྱི་ཚོགས་ཞབས་ཞུ་སྒྲུབ་མུས་ཡིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎