ཨ་རིས་རྒྱ་ནག་དང་འབྲེལ་ལམ་སྐབས་འགྲོ་བ་མིའི་ཐོབ་ཐང་གལ་གནད་ཆེ་ཤོས་སུ་འཛིན་རྒྱུར་འབོད་སྐུལ།

2021-02-18
Share
ཨ་རིས་རྒྱ་ནག་དང་འབྲེལ་ལམ་སྐབས་འགྲོ་བ་མིའི་ཐོབ་ཐང་གལ་གནད་ཆེ་ཤོས་སུ་འཛིན་རྒྱུར་འབོད་སྐུལ། ཚོགས་སྡེ་ཁག་གི་ལས་རྟགས།
FH

ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་དང་འབྲེལ་ལམ་འཛིན་པའི་སྲིད་ཇུས་སྐབས་འགྲོ་བ་མིའི་ཐོབ་ཐང་གལ་གནད་ཆེ་ཤོས་སུ་འཛིན་དགོས་པ་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཉི་ཤུ་ལྷག་གིས་འབོད་སྐུལ་བྱས་འདུག
དེ་ཡང་སྤྱི་ཟླ་༢པའི་ཚེས་༡༧ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཐེ་བའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་༢༤ཡིས། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)ལ་ཡོངས་ཁྱབ་ཀྱི་ཞུ་ཡིག་ཕུལ་ནས། ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་འཇཱོ་སྦཡེ་ཌེན་(Joe Biden)མཆོག་གིས་དབུ་ཁྲིད་པའི་ཨ་རིའི་སྲིད་གཞུང་གིས། རྒྱ་ནག་དང་ལྷན་དུ་འབྲེལ་ལམ་འཛིན་སྐབས་སྲིད་ཇུས་ནང་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་གལ་གནད་ཆེ་ཤོས་ཨང་དང་པོའི་གྲས་སུ་འཇོག་པ་འབོད་སྐུལ་བྱས་ཡོད་པ་རེད།
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་གཙོ་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་གསུང་ན། དེ་ནི་ཨ་རིའི་རྒྱལ་སའི་ནང་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་མང་པོ་མཉམ་རུབ་ཀྱིས་ཨ་རིའི་སྲིད་འཛིན་གསར་པར་ཕུལ་བའི་འབོད་སྐུལ་ཞུ་ཡིག་ཡིན་པ་དང་། དེའི་ནང་ཨ་རིའི་གཞུང་འཛིན་གསར་བའི་ངོས་ནས་རྒྱ་ནག་དང་འབྲེལ་མོལ་གང་འདྲ་ཞིག་གནང་ན་ཡང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་བརྗེད་ཐབས་མེད་པར་གཙིགས་ཆེར་བཟུང་ཐོག རྒྱ་ནག་གི་ཐོག་འཛིན་པའི་སྲིད་ཇུས་ནང་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་གལ་གནད་ཆེ་ཤོས་ཨང་དང་པོའི་གྲས་སུ་འཇོག་པ། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ལ་སོགས་པ་གཙོས་རྒྱལ་ནང་གི་མི་སེར་ཐོག་དམ་དྲག་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ལ་དོ་སྣང་དང་། དེ་ལ་འབྲེལ་ཡོད་གཞུང་གི་མི་སྣ་དང་ཚོགས་སྡེ་ལ་ཉེས་ཆད་འགེལ་དགོས་བ་སོགས་དོན་ཚན་ཁག་ཅིག་གསལ་བོར་བཀོད་ནས། མདོ་དོན་འགྲོ་བ་མིའི་ཐོབ་ཐང་གཙིགས་ཆེར་འཛིན་དགོས་བ་འབོད་སྐུལ་བྱས་ཡོད་པ་གསུངས་བྱུང་།
གོང་གི་ཚོགས་སྡེ་དེ་དག་གི་ནང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། ཨ་རིའི་རང་དབང་གི་ཁང་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཨ་རིའི་ཡུ་གུར་ཚོགས་པ། ཧོང་ཀོང་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་འདྲ་མིན་བཅས་༢༤མཉམ་ཞུགས་བྱས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།