ཨ་རིའི་སྲིད་འཛིན་གྱིས་ཕྱི་རྒྱལ་གྱི་དབུ་ཁྲིད་དང་མཇལ་འཕྲད་ཐོག་མ་ཉི་ཧོང་གི་སྲིད་བློན་མཆོག་དང་གནང་གཏན་འཁེལ།

2021-04-02
Share
ཨ་རིའི་སྲིད་འཛིན་གྱིས་ཕྱི་རྒྱལ་གྱི་དབུ་ཁྲིད་དང་མཇལ་འཕྲད་ཐོག་མ་ཉི་ཧོང་གི་སྲིད་བློན་མཆོག་དང་གནང་གཏན་འཁེལ། ཉི་ཧོང་གི་སྲིད་བློན་ཡོ་ཤེ་ཧི་དྷེ་སུ་གྷ་དང་(Yoshihide Suga)ལགས། ༣།༡༢།༢༡
Reuters

ཉི་ཧོང་གི་སྲིད་བློན་ཡོ་ཤེ་ཧི་དྷེ་སུ་གྷ་(Yoshihide Suga)དང་ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་ཐོག་མ་གནང་འཆར་འདུག
ཕྱི་ཟླ་༤པའི་ཚེས་༡༦ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། ཉི་ཧོང་གི་སྲིད་བློན་ཡོ་ཤེ་ཧི་དྷེ་སུ་གྷ་དང་(Yoshihide Suga)དང་། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)རྣམ་གཉིས་མཇལ་འཕྲད་གནང་གཏན་འཁེལ་བ་དེ་ནི། ཨ་རིའི་སྲིད་འཛིན་སྦཡེ་ཌེན་མཆོག་གིས་ཕྱིའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ཞིག་དང་དངོས་སུ་མཇལ་བ་ཐོག་མ་དེ་ཆགས་རྒྱུ་ཡིན་ལ། གནད་དོན་དབྱེ་ཞིབ་པ་ཚོས་འདི་ནི་རྒྱ་ནག་ལ་བདེ་འཇགས་དང་དམག་དོན་གྱི་བརྡ་ལན་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཉི་ཧོང་གཞུང་གི་མགྲིན་ཚབ་པ་ཀ་ཚོ་ནོ་སྦུ་ཀ་ཏོ་(Katshunobu Kato)ལགས་ཀྱིས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་དེས་ཨ་རིའི་ཕྱོགས་ནས་ཉི་ཧོང་དང་འབྲེལ་ལམ་དེ་གལ་ཆེན་པོ་ཞིག་ལ་བརྩི་བཞིན་ཡོད་པ་མཚོན་གྱི་ཡོད་ཅེས་དང་། དེ་བཞིན་ཨ་རི་དང་ཉི་ཧོང་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ཀྱི་དབང་བསྒྱུར་གཞི་རྩའི་རང་དབང་བཅས་ཀྱི་ཐོག་ལ་གཅིག་མཚུངས་ཀྱི་གལ་གནད་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་གསུངས་འདུག ད་དུང་ཁོང་གིས་མཇལ་འཕྲད་ཀྱི་སྐབས། ཉི་ཧོང་དང་ཨ་རིའི་འབྲེལ་ལམ་ཐད་ནུས་ཤུགས་ཆེ་རུ་གཏོང་ཐབས་དང་། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག ཀོ་ཝིཌ་ ༡༩(Covid-19)ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན། ལྷག་པར་དུ་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་ཡོད་གནད་དོན་ཐོག་ཀྱང་བཀའ་མོལ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
ཉི་ཧོང་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་རྣམ་པའི་མཇལ་མོལ་དེ་བཞིན། དེང་སྐབས་རྒྱ་ནག་གིས་ཨེ་ཤེ་ཡའི་ཁུལ་དུ་རྩུབ་སྤྱོད་སྤེལ་བཞིན་པའི་ཐད་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་རྣམ་པས་མཉམ་འབྲེལ་གྱི་ཐོག་ནས་གདོང་ལེན་བྱེད་ཐབས་གསར་པའི་སྲིད་བྱུས་ཞིག་ལག་བསྟར་གནང་བཞིན་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེ་མི་རིགས་དང་། བོད་མི། ཧོང་ཀོང་ནང་རང་དབང་དམངས་གཙོའི་ཐོག་རྡོག་རོལ་དང་དྲག་གནོན་བྱེད་བཞིན་པའི་གནད་དོན་ཐོག་རྒྱ་ནག་ལ་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་བཞིན་པའི་དུས་སྐབས་ཞིག་ཀྱང་ཡིན་པ་རེད།
ཟླ་སྔོན་མར་ཨ་རིའི་བདེ་སྲུང་དྲུང་ཆེ་ལོཌ་ཨའོསི་ཊིན་(Lloyd Austin)དང་། ཕྱི་སྲིད་དྲུང་ཆེ་ཨེ་ཐོ་ནི་སྦིལ་ཀེན་(Antony Blinken)གཉིས་ཀྱིས་ཉི་ཧོང་དུ་ཆེད་ཕེབས་སྐབས། ཡུལ་གཉིས་ཐུན་མོང་གིས་རྒྱ་ནག་ལ་ཐད་ཀར་སྐྱོན་བརྗོད་ཐེར་འདོན་དང་། ཞི་བདེའི་རྒྱ་མཚོ་མངའ་ཁུལ་དུ་བཙན་ཤེད་དང་བརྟན་ལྷིང་མེད་པ་བཟོ་བཞིན་པའི་གནས་སྟངས་ཐད་རྒྱ་ནག་ལ་ཉེན་བརྡ་བཏང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་མཆོག་གིས་ཨེ་ཤེ་ཡ་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་དམ་ཟབ་ཏུ་བཏང་ནས་ནུས་པ་མཉམ་དཔུང་གིས། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་། ནད་ཡམས་ཀྱི་འགོག་ཁབ་རྒྱལ་སྤྱིའི་ཐོག་བགོ་འགྲེམས་བྱེད་ཕྱོགས་སོགས་གནད་དོན་མང་དག་ཞིག་ལ་ཁ་གཏད་གདོང་ལེན་བྱེད་རྒྱུའི་རྣམ་པ་ཞིག་སྟོན་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་འདུག
ད་དུང་གནད་དོན་དབྱེ་ཞིབ་པས། ཉི་ཧོང་གིས་རང་ཉིད་གྱི་དམག་དོན་མཉམ་ལས་བྱེད་ས་ཨ་རི་དང་ལྷན་དུ་འབྲེལ་ལམ་དམ་ཟབ་ཞིག་ཉར་ཐབས་བྱེད་ཞོར། རྒྱ་ནག་ནི་ཚོང་ཤག་ཆེ་ཤོས་དེ་ཡིན་པས་རྒྱ་ནག་དང་དཔལ་འབྱོར་གྱི་འབྲེལ་ལམ་ཐོག་ལ་ཡང་དོ་ཕོག་མི་ཐེབས་པ་ཞིག་བྱེད་དགོས་བའི་གནས་སྟངས་དཀའ་མོ་ཞིག་ལ་གནས་ཡོད་པ་བརྗོད་འདུག
ཉི་ཧོང་གི་སྲིད་བློན་ཡོ་ཤེ་ཧི་དྷེ་སུ་སྒ་(Yoshihide Suga)ལགས་སྔ་ལོ་སྤྱི་ཟླ་༩པའི་ནང་། སྲིད་འཛིན་ཟུར་པ་ཤིན་ཛོ་ཨ་སྦེ་(Shinzo Abe)ལགས་འཕྲོད་བསྟེན་གྱི་དཀའ་ངལ་ལ་བརྟེན་ནས་ལས་མཚམས་བཞག་པའི་རྗེས་སྲིད་བློན་དུ་བསྐོ་བཞག་བྱུང་བ་ཞིག་ཡིན་ཞིང་། རིང་མིན་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་ཨ་རིའི་ནང་རྒྱལ་དོན་འཚམས་གཟིགས་ཀྱི་གྲ་སྒྲིག་དང་འབྲེལ་ཏོག་དབྱིབས་ནད་ཡམས་ཀྱི་འགོག་ཁབ་ཀྱང་སྒྲོན་འདུག ཉེ་ཧོང་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་སྐབས་ཉེ་ཧོང་གི་སྲིད་བློན་གྱི་ངོས་ནས་འདི་ལོ་དབྱར་ཀར་ཉེ་ཧོང་གི་རྒྱལ་ས་ཊོཀ་ཡོར་འཚོགས་རྒྱུའི་འཛམ་གླིང་དབྱར་དུས་ཨོ་ལིམ་པིཀསི་ལུས་རྩལ་འགྲན་འཚོགས་སུ་ཨ་རིའི་སྲིད་འཛིན་ཕེབས་རྒྱུར་གཞུང་འབྲེལ་གྱི་གདན་ཞུ་ཡང་འབུལ་རྒྱུ་ཡིན་པ་བརྒྱུད་ལམ་ཁག་ནང་གནས་ཚུལ་བཀོད་སྤེལ་བྱས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།