ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་བསྐྱར་ཞུགས་བྱས་བར་རྒྱལ་ཚོགས་ཀྱིས་དགའ་བསུ།

2021-01-21
Share
ཨ་རི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་བསྐྱར་ཞུགས་བྱས་བར་རྒྱལ་ཚོགས་ཀྱིས་དགའ་བསུ། ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)གྱིས་བཀོད་རྒྱར་མཚན་རྟགས་སྐྱོན་བཞིན་པ། ༠༡།༢༠།༢༡
Reuters

ཨ་རིའི་སྲིད་འཛིན་གསར་པ་སྐུ་ཞབས་འཇཱོ་སྦཡེ་ཌེན་(Joe Biden)གྱིས་ཨ་མི་རི་ཀ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་བསྐྱར་དུ་ཞུགས་རྒྱུའི་བཀོད་ཁྱབ་ལ་མཚན་རྟགས་བཀོད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་ཐག་གཅོད་ལ་དགའ་བསུ་ཞུས་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་(Donald Trump)གྱིས་དོན་དམ་དུ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་ཀྱི་ཡོད་ལུགས་གསུངས་སྟེ་ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་མཚམས་འཇོག་བྱས་ཡོད་པ་རེད།
འོན་ཀྱང་ཨ་མི་རི་ཀ་བསྐྱར་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནང་ཞུགས་རྒྱུ་ཡིན་པ་དེ་ནི། སྲིད་འཛིན་གསར་པ་སྐུ་ཞབས་(Joe Biden)གྱི་སྲིད་གཞུང་གིས་གཞུང་འབྲེལ་གྱི་ཐོག་ནས་བཀོད་ཁྱབ་ཐེངས་དང་པོ་ཡིན་ཞིང་། སྲིད་འཛིན་ཟུར་པ་སྐུ་ཞབས་(Donald Trump)གྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནི། འཇོན་ཐང་མེད་པའི་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཤིག་ཡིན་པ་དང་། ལྷག་དོན་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་ཐད་ནས། རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་བྱས་ཡོད་ཚུལ་གྱིས་ན་ནིང་༢༠༢༠ལོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་སྤྲོད་བཞིན་པའི་དཔལ་འབྱོར་གྱི་རོགས་རམ་རྣམས་མཚམས་འཇོག་བྱས་པ་གཙོས། སྲིད་འཛིན་(Donald Trump)གྱི་སྲིད་གཞུང་སྐབས་ཀྱི་ཕྱི་འབྲེལ་སྲིད་ཇུས་གཙོ་གནད་ཁག་ཅིག་ཐག་གཅོད་གནང་བ་དེ་སྲིད་འཛིན་གསར་པ་སྐུ་ཞབས་འཇཱོ་སྦཡེ་ཌེན་(Joe Biden)གྱི་ལས་ཁུར་ཞུས་པའི་ཉིན་དང་པོ་རང་ལ་བསྒྱུར་བཅོས་གནང་ཡོད་པ་རེད།
དེ་ནི་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཙམ་ལ་(Covid-19)ཏོག་དབྱིབས་ནད་ཡམས་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་ཐོན་ཏེ་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་གདལ་སོང་བའི་སྐབས་ཏེ། ན་ནིང་ཕྱི་ཟླ་བཞི་པའི་ནང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་(Donald Trump)མཆོག་གི་གཞུང་འཛིན་སྐབས་འཛམ་གླིང་འཕྲོད་སྒྲིག་འཛུགས་ནི་རྒྱ་ནག་གི་སྟངས་འཛིན་འོག་ཚུད་ཡོད་ཚུལ་གྱིས། ཨ་མི་རི་ཀས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་སྤྲོད་བཞིན་པ་རྣམས་ཐོག་མར་མཚམས་འཇོག་བྱས་པ་དང་། དེའི་རྗེས་ཨ་མི་རི་ཀ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་ཡོངས་སུ་ཕྱིར་འཐེན་གནང་རྒྱུའི་ལས་རིམ་འགོ་འཛུགས་གནང་ཡོད། འོན་ཀྱང་ཨ་མི་རི་ཀ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཁོངས་ནས་ཕྱིར་འཐེན་གནང་བའི་དུས་ཚོད་འདི་ལོ་༢༠༢༡ ལོའི་ཕྱི་ཟླ་བདུན་པའི་ནང་མ་གཏོགས་དངོས་སུ་དོན་འཁྱོལ་ཡོང་གི་མེད་སྟབས། སྲིད་འཛིན་གསར་པ་སྐུ་ཞབས་(Joe Biden)གྱིས་བཀོད་ཁྱབ་གནང་སྟེ་ཨ་རི་སྒྲིག་འཛུགས་ཁོངས་སུ་མུ་མཐུད་ཞུགས་རྒྱུ་ཡིན་པ་རེད།
སྲིད་འཛིན་འཇཱོ་སྦཡེ་ཌེན་(Joe Biden)གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཊོ་ནིཡོ་གུ་ཊྲེ་རིསི་མཆོག་ལ། ཨ་མི་རི་ཀ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཁོངས་སུ་རང་འཇགས་བྱ་རྒྱུའི་འདུན་པ་ཡོད་པའི་ཞུ་ཡིག། འདི་ཚེས་༢༠རེས་གཟའ་ལྷག་པའི་ཉིན་ཕུལ་གནང་བར་གུ་ཊྲེ་རིསི་མཆོག་གིས་ཏོག་དབྱིབས་ནད་ཡམས་ཡོངས་ཁྱབ་འགོག་ཐབས་སུ། ཨ་མི་རི་ཀ་མཉམ་ཞུགས་དགོས་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན་པ་གསུངས་ནས་དགའ་བསུ་ཞུས་གནང་འདུག
ཨ་མི་རི་ཀ་ནི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཞལ་འདེབས་མང་ཤོས་སྤྲོད་མཁན་གྱི་ཚོགས་མི་རྒྱལ་ཁབ་ཞིག་ཡིན་པ་དང་། ལོ་རེར་ཨ་སྒོར་ས་ཡ་༤༥༠འི་རོགས་རམ་གནང་གི་ཡོད་པ་མ་ཟད། ཨ་མི་རི་ཀ་དེ་བཞིན་༡༩༤༨ལོའི་སྤྱི་ཟླ་དྲུག་པའི་ཚེས་༢༡ནས་བཟུང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆ་ཤས་ཡིན་པ་རེད།
ད་དུང་སྐུ་ཞབས་(Biden)གྱིས་གཞུང་འཛིན་འགོ་བཙུགས་པ་དང་། གོ་ལའི་གནམ་གཤིས་ཚ་དྲོད་འཕེལ་བཞིན་པའི་དཀའ་ངལ་སེལ་ཐབས་གནང་མཁན་གྱི་སྒྲིག་འཛུགས་ནང་ལའང་ཨ་རི་མཉམ་ཞུགས་གནང་ཡོད་པ་རེད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།