བོད་དོན་ཆེད་ཧིན་བོད་ས་མཚམས་བར་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ།
2020.11.18
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཧིན་བོད་ས་མཚམས་བར་རྒྱ་གཞུང་གི་བྱ་སྤྱོད་ཐེར་འདོན་གྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་ཚུགས་སོང་།
ཟླ་བ་འདིའི་ཚེས་༡༨རེས་གཟའ་ལྷག་པའི་ཉིན། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལ་ནས་ཧི་མ་ཅལ་མངའ་སྡེའི་བྱང་ཤར་ཁུལ་དུ་ཆགས་པའི་ཁུ་ནུ་(Kinnaur)རྫོང་བར་རྒྱ་གཞུང་གི་བྱ་སྤྱོད་ཐེར་འདོན་གྱི་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་འཛུགས་གནང་སོང་ལ། རྫོང་དེ་ནི་བོད་ཀྱི་ས་མཚམས་དང་བར་ཐག་ཉེ་བའི་ས་ཁུལ་ཞིག་ཡིན་འདུག་ཅིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ཐེངས་འདིའི་བོད་དོན་ལས་འགུལ་ནང་ཁྱོན་སྦག་སྦག་སྐོར་བསྐྱོད་མཁན་༥༠ཐམ་པ་གོ་སྒྲིག་ཞུས་ཡོད་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་དཀའ་རྙོག་སེལ་བར་ཐོག་མར་བོད་ཀྱི་བདེན་མཐའ་སེལ་དགོས་པ་དང་། བོད་འབྲི་རུ་རྫོང་དུ་རྒྱ་ནག་གཞུང་གིས་དམ་དྲག་དང་གདུག་རྩུབ་ཀྱི་སྲིད་བྱུས་ཐེར་འདོན་བྱ་རྒྱུ། དེ་བཞིན་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་དགོས་པ་བཅས་དགོས་འདུན་དོན་ཚན་གསུམ་གྱི་འོག་ལས་འགུལ་འདི་སྤེལ་ཡོད་པ་འགྲེལ་བརྗོད་གནང་སོང་།
སྐབས་དེར་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འབྱེད་མཛད་སྒོའི་ཐོག རྒྱ་གར་གྱི་གྲོས་ཚོགས་འོག་མའམ་(Lok Sabha)ཡི་འཐུས་མི་སྐུ་ཞབས་(Kishan Kapoor)ལགས་སྐུ་མགྲོན་གཙོ་བོར་ཕེབས་ནས་གཏམ་བཤད་གནང་སྐབས། ངོས་ལ་ཡིད་ཆེས་ཆ་ཚང་ཡོད། ད་རེས་གཞོན་ནུ་ཚོའི་ལས་འགུལ་འདི་ཆུད་ཟོས་སུ་འགྲོ་སྲིད་ཀྱི་མ་རེད་ལ། ནམ་ཞིག་རྒྱ་ནག་མི་འདོད་བཞིན་དུ་བོད་དེ་བོད་མི་ཚོར་རྩིས་སྤྲོད་བྱེད་དགོས་ཐུག་རྒྱུ་དང་། བོད་ཀྱི་བདག་པོ་སླར་ཡང་བོད་མི་ཚོ་ཆགས་ཀྱི་རེད། དེར་བརྟེན། ད་རེས་ཀྱི་ལས་འགུལ་འདི་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། ངས་ཚང་མར་མཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།
ཡང་ཐེངས་འདིའི་བོད་དོན་ཆེད་སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་ནང་(Rohtang Riders)ཞེས་པའི་ཚོགས་པ་དེ་ཡང་མཉམ་ཞུགས་གནང་འདུག་པ་དང་། ཚོགས་པ་དེའི་ཚོགས་མི་མ་ན་ལི་ས་ཁུལ་ནས་ཡིན་པའི་(Suresh)ལགས་ཀྱིས། བོད་མི་ཚོ་རྒྱ་གར་ལ་སླེབས་ནས་མི་ལོ་༦༠ལྷག་ཕྱིན་ཡོད་ན་ཡང་། ད་དུང་སེམས་ཤུགས་མ་ཆགས་པར་སོ་སོའི་རང་དབང་ཆེད་དུ་ལས་འགུལ་སྤེལ་བར་རྒྱབ་སྐྱོར་མཚོན་སླད་མཉམ་ཞུགས་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
གཞན་ཡང་ཐེངས་འདིའི་བོད་དོན་ལས་འགུལ་འདིའི་ནང་རྡ་ས་ས་གནས་གཞོན་ནུ་དང་། སྦིར་ས་གནས་གཞོན་ནུ། བདེ་སྐྱིད་གླིང་ས་གནས་གཞོན་ནུ་སོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁྱབ་ཁོངས་ཀྱི་ས་གནས་ཁག་བདུན་ནས་ལས་འགུལ་བ་མཉམ་ཞུགས་གནང་ཡོད་འདུག་ཅིང་། སྦག་སྦག་སྐོར་བསྐྱོད་ཀྱི་ལས་འགུལ་གྱི་འགྲོ་གྲོན་ཆ་ཚང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གཏོང་གི་ཡོད་པ་དང་། ཉིན་གསུམ་ནང་ལས་འགུལ་མཇུག་སྒྲིལ་གནང་འཆར་ཡོད་འདུག