བོད་ཀྱི་ཉམས་མྱོང་ལས་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་ཁག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུང་འདུག

2020-06-10
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས།
tibet.net

བོད་ཀྱི་གནད་དོན་གྱི་ཉམས་མྱོང་གཞིར་བཞག་ནས་ཁ་དན་ཚིག་ལ་མི་གནས་བའི་རྒྱ་ནག་གཞུང་ལ་ཡིད་ཆེས་བྱེད་ཁག་པོ་ཡིན་པ་རྒྱལ་ཁབ་གཞན་པས་ཤེས་དགོས་ཞེས་སྲིད་སྐྱོང་མཆོག་གིས་གསུང་འདུག
དེང་སྐབས་རྒྱ་དཀར་ནག་གཉིས་བར་ས་མཚམས་ཀྱི་རྩོད་རྙོག་མུ་མཐུད་དུ་ཡོང་བཞིན་པའི་སྐབས་འདིར། འདི་ཚེས་༩་ཉིན་གྱི་དགོང་དྲོར་རྒྱ་གར་གྱི་(Republic)་བརྙན་འཕྲིན་གསར་ཁང་གིས་ས་མཚམས་དང་འབྲེལ་བའི་གནད་དོན་ཐད་བཅར་འདྲི་བྱས་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས། ཉེ་ལམ་རྒྱ་གར་ལ་དྭགས་ཀྱི་ཤར་ཕྱོགས་སུ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དམག་མིའི་དབར་ས་མཚམས་སུ་འཁྲུག་རྩོད་བྱུང་བའི་རྗེས། ཡུལ་གྲུ་གཉིས་ཀྱི་སྤྱི་ཁྱབ་དམག་སྤྱི་གཞོན་པའི་གནས་རིམ་ཀྱི་མི་སྣའི་དབར་དཀའ་རྙོག་དེ་གྲོས་མོལ་གྱི་ལམ་སེལ་ཐབས་གནང་རྒྱུ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁ་ནས་བཤད་པ་དང་ལག་བསྟར་བྱེད་རྒྱུ་གཉིས་ལྡོག་ཕྱོགས་རེད། དཔེར་ན། རྒྱ་ནག་གིས་བོད་ལ་ཞི་བདེ་དང་། བདེ་སྐྱིད། ཡར་རྒྱར་ལ་ཁ་གཡར་ཏེ་བོད་ལ་ཡོང་བ་རེད། མཐའ་མ་ང་ཚོའི་བོད་རྒྱལ་ཁབ་ཀྱི་རང་དབང་འཕྲོག་པ་རེད། བྱས་ཙང་རྒྱ་ནག་གཞུང་གིས་ཁ་སྙན་པོ་བཤད་པ་ལ་མགོ་འཁོར་རྒྱུ་མེད། ང་ཚོས་རྒྱ་ནག་གཞུང་གིས་ཁ་སྙན་པོ་བཤད་པ་ལ་མགོ་འཁོར་ནས་ད་ཆ་སྐྱབས་བཅོལ་བ་ཆགས་པ་རེད། རྒྱ་ནག་ལ་ཡིད་ཆེས་བྱེད་པར་ཐོག་མར་བརྟག་དཔྱད་ཡག་པོ་དང་། ཁ་ཡོད་ལག་ཡོད་ལག་བསྟར་ག་རེ་བྱེད་མིན་ལ་བལྟ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་། ད་རེས་རྒྱལ་ཁབ་༡༣༠་ལྷག་གིས་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཐད་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པའི་གྲོས་འཆམ་བྱུང་བ་སོགས། རྒྱ་ནག་ལ་གནོན་ཤུགས་ཆེན་པོ་ཡོང་གི་ཡོད་སྟབས་རྒྱ་ནག་གཞུང་གིས་གནད་དོན་དེ་ཁ་ཕྱོགས་བསྒྱུར་ཐབས་ཀྱི་ཆེད་དུ་རྒྱ་གར་གྱི་ས་མཚམས་སུ་འཁྲུག་རྩོད་བྱས་བ་དང་། ཧོང་ཀོང་དང་འབྲེལ་བདེ་འཇགས་ཁྲིམས་ཡིག་ཟེར་བ་གཏན་འབེབས། ལྷོ་རྒྱ་ནག་རྒྱ་མཚོ་དང་། ཐེ་ཝན་སོགས་ཀྱི་གནད་དོན། ལྷག་པར་བོད་ནང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་སོགས་འགྲེལ་བརྗོད་གནང་འདུག
ད་དུང་སྲིད་སྐྱོང་མཆོག་གིས། ད་ལྟ་ལ་དྭགས་དང་། ཨ་རུ་ན་ཅལ། འབྲས་ལྗོངས་བཅས་སུ་ས་མཚམས་ཀྱི་དཀའ་རྙོག་ཡོང་བཞིན་པ་དེ་ནི། ལོ་ངོ་༦༠་གོང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་བ་ལ་བརྟེན་ནས་བྱུང་བ་རེད། དེ་བས་ཁྱིམ་མཚེས་རྒྱལ་ཁབ་ཚོས་བོད་ཀྱི་གནས་སྟངས་ལྟར་མི་ཡོང་བའི་ཡིད་གཟབ་དགོས་པ་གསུང་འདུག
དེ་བཞིན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས། རྒྱ་གར་གྱི་(TV9 Bharatvarsh)་ཞེས་པའི་བརྙན་འཕྲིན་གསར་འགྱུར་ཐོག བོད་མི་ཚོས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཆེད་གཉིས་ཕན་དབུ་མའི་ལམ་ཀྱི་སྲིད་བྱུས་དེ་མུ་མཐུད་རྒྱུན་སྐྱོང་བྱེད་ཀྱི་རེད་ཅེས་དང་། ཡང་(India Today)་ཞེས་པའི་བརྙན་འཕྲིན་ནང་། ཇི་སྲིད་བོད་ཀྱི་དཀའ་རྙོག་དེ་མ་སེལ་བར་དེ་སྲིད་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་དེ་སེལ་ཐབས་མེད་པ་རེད་ཅེས་སོགས་གསུང་ཡོད།
ད་ལྟའིགནས་ཚུལ་ལྟར་ན། བདུན་ཕྲག་འདིའི་མཇུག་ཙམ་དུ་རྒྱ་གར་དང་རྒྱ་ནག་ཡུལ་གྲུ་གཉིས་གྱི་དམག་དོན་དཔོན་རིགས་བར། ལ་དྭགས་ཤར་ཁུལ་དུ་གནས་པའི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ས་ཁུལ་གྱི་དཀའ་རྙོག་སེལ་ཐབས་ཀྱི་ཆེད་གྲོས་མོལ་འགོ་འཛུགས་བྱེད་རྒྱུ་ཡིན་པ་དང་། རྒྱ་དཀར་ནག་གཉིས་ཀའི་ཕྱོགས་ནས་ས་མཚམས་ཀྱི་རྩོད་རྙོག་བྱུང་སའི་ས་ཁུལ་ནས་དམག་མི་ཕྱིར་འཐེན་བྱེད་འགོ་བཙུགས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།