རྒྱ་གར་གྱི་ཕྱོགས་ནས་ཀྱང་ས་མཚམས་ས་ཁུལ་ཡར་རྒྱས་འཛུགས་བསྐྲུན་གནང་གལ་ཆེ་བ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

2021.09.14
རྒྱ་གར་གྱི་ཕྱོགས་ནས་ཀྱང་ས་མཚམས་ས་ཁུལ་ཡར་རྒྱས་འཛུགས་བསྐྲུན་གནང་གལ་ཆེ་བ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག རྒྱ་གར་དང་བོད་ཀྱི་ས་མཚམས་ལ་དྭགས་སྤང་གོང་མཚོ་ཁུལ་དུ་རྒྱ་དཀར་ནག་གི་དམག་མི། ༢།༡༠།༢༡
Indian Army/AP

རྒྱ་གར་གཞུང་གིས་མཐའ་མཚམས་གྱི་གནས་སྟངས་ལ་བལྟོས་ནས་ས་མཚམས་ས་ཁུལ་ཡར་རྒྱས་འཛུགས་བསྐྲུན་གནང་དགོས་པ་ས་མཚམས་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
རྒྱ་གར་གྱི་འཚེ་མེད་ཞི་བའི་བདམས་པ་ཐེབས་རྩ་ཁང་ནས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༩་པའི་ཚེས་༡༣་ཉིན། རྒྱ་ནག་གཞུང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ། འབྱོར་འབྲིང་གྲོང་གསེབ་འཛུགས་བསྐྲུན་གྱི་སྐོར། ཨ་མི་རི་ཀ་དང་རྒྱ་གར། ཡོ་རོབ་དང་བོད་བཅས་ཀྱི་ཆེད་ལས་ཉམས་ཞིབ་པ་ཁག་གིས་གླེང་མོལ་གནང་སྐབས། བོད་གནས་ཉམས་ཞིབ་པ་ Claude Arpi ཀལོཌ་ཨར་པི་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་གར་དང་བོད་ཀྱི་ས་མཚམས་སུ། གྲོང་གསེབ་མང་པོ་གསར་རྒྱག་གིས་མཚོན་རྒྱ་ཧན་མི་རིགས་མང་པོ་གནས་སྤོས་བྱེད་བཞིན་པའི་ཁར། སྐབས་རེར་རྒྱ་གར་གྱི་ས་ཐོག་ཏུ་ཡང་འཛུལ་ནས་གྲོང་གསེབ་འཛུགས་བསྐྲུན་བྱས་ཡོད་པས། རྒྱ་གར་གྱིས་ངོས་ནས་ཀྱང་དེ་ལུགས་ས་མཚམས་ས་ཁུལ་ཡར་རྒྱས་འཛུགས་བསྐྲུན་གནང་དགོས་པ་གསུངས་འདུག ད་དུང་ཁོང་གིས། རྒྱ་ནག་གཞུང་གིས་ས་མཚམས་སུ་འཆར་གཞི་མང་པོ་ཞིག་སྒྲིག་བཞིན་པར་ཁ་གཏད་ཀྱི་ཆེད་དུ། རྒྱ་གར་གྱི་ཕྱོགས་ནས་ས་མཚམས་ཁུལ་དུ་མི་འབོར་གནས་སྤོས་སྟབས་བདེར་གཏོང་དགོས་པ་དང་། ས་གནས་ཀྱི་རིག་གནས་དྲིལ་བསྒྲགས་དང་འཚོ་བ་ཡར་རྒྱས། ཆ་རྐྱེན་ཇེ་བཟང་དུ་གཏོང་བ། ཆོས་དང་རིག་གནས་ཀྱི་ས་ཆ་གལ་གནད་ཀྱི་རང་བཞིན་ཁག་ཁྱབ་བསྒྲགས་ཤུགས་ཆེར་བྱ་དགོས་པ། ས་མཚམས་ནས་ཚུར་མི་འབོར་གནས་སྤོ་བཀག་འགོག་བྱེད་དགོས་པ། ས་གནས་མི་མང་དང་དམག་མི། ཉེན་རྟོག་པ་བཅས་མཉམ་འབྲེལ་གྱི་ནུས་ཤུགས་ཆེ་རུ་གཏོང་དགོས་པ་གསུངས་འདུག
ཡང་དྲ་ཐོག་བགྲོ་གླེང་དེའི་ནང་མཉམ་ཞུགས་གནང་མཁན་རྒྱ་གར་གྱི་དམག་སྤྱི་ཟུར་པ་ཝི་ནཱ་ཡཀ་བྷཊི་ལགས་ཀྱིས། རྒྱ་ནག་གཞུང་གིས་ས་གནས་བོད་མི་ཚོར་དམར་ཕྱོགས་ཀྱི་ལྟ་བ་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ། བོད་མིའི་ངོ་བོ་རྩ་མེད་དང་བོད་རིགས་རྣམས་རྒྱ་ཧན་མི་རིགས་ལ་བསྒྱུར་ཅི་ཐུབ་བྱེད་བཞིན་པ་དང་། ཕྱི་ལོ་༢༠༡༧་ལོར་ཁོང་ཚོས་ས་མཚམས་ཁུལ་དུ་གྲོང་གསེབ་ཁག་༦༢༨་བརྒྱབ་ཚར་ཡོད་ཅེས་ལབ་པར་ཐེ་ཚོམ་མེད་པ་མ་ཟད། ས་ཆ་དེ་ཚོའི་བདག་དབང་ཆ་ཚང་རྒྱ་ནག་གཞུང་གིས་བདག་ཉར་བྱེད་པ་ལས། ས་གནས་མི་མང་ལ་ཆ་ཤས་དང་ཐེ་བྱུས་ཅི་ཡང་མེད་ཅིང་། རྒྱ་གར་གྱི་ས་ཁོངས་ལ་དྭགས་ཤར་ཕྱོགས་སོགས་ཀྱི་ས་ཆ་མང་པོ་ཞིག སྤྱི་ལོ་༡༩༥༥་བར་རྒྱ་གར་གྱིས་ཁྲལ་བསྡུས་ཏེ་རྒྱལ་སྤྱིའི་འགྲོ་ལུགས་ལྟར་ན། རྒྱ་གར་གྱི་ས་ཁོངས་བསྙོན་མེད་ཡིན་ནའང་རྒྱ་ནག་གིས་བཅད་བཟུང་བྱས་ཡོད་པས། ང་ཚོས་ངེས་པར་ས་ཁོངས་དེ་ཚོ་རྒྱ་གར་ལ་ཚུར་ཐོབ་ཐབས་བྱེད་དགོས་པ་དང་། གནད་འགག་གཙོ་བོ་ནི་རྒྱ་གར་གཞུང་གིས་བཞེངས་ཕྱོགས་མཁྲེགས་པོའི་ཐོག་ནས། བོད་མིའི་སྒྲིག་འཛུགས་དེ་བོད་མིའི་ངོ་ཚབ་མཚོན་པའི་གཞུང་ལ་ངོས་འཛིན་གནང་དགོས་པ་དེ་ཡིན་པ་གསུངས་འདུག
ཨ་མི་རི་ཀའི་བོད་གནས་ཉམས་ཞིབ་པ་རོ་བྷི་སྦར་ནེཊ་ལགས་ཀྱིས། རྒྱ་ནག་གིས་འབྲུག་གི་ས་ཁོངས་སུ་ས་གནས་མི་འདྲ་བ་བདུན་རྒྱ་ནག་གི་ཡིན་ལུགས་བཤད་ཀྱི་ཡོད་པ་དང་། དེ་ཡང་བདག་དབང་ཡོད་ལུགས་བཤད་པའི་ས་ཁུལ་འགའ་ཤས་ནི་སྤྱི་ལོ་༡༩༨༠་ཙམ་ནས་གཞི་ནས་འགོ་བཙུགས་ཡོད་པ་དང་། ས་ཁོངས་དེ་ཚོ་སོ་སོའི་ཡིན་པར་སྒྲུབ་བྱེད་དུ། ས་གནས་ཀྱི་ལོ་རྒྱུས་མང་པོ་གུང་བསྒྲིགས་ནས་འབྲེལ་མོལ་གྱི་ཐབས་བྱུས་བེད་སྤྱོད་གཏོང་བཞིན་ཡོད་པ་གསུངས་འདུག སྐུ་ཞབས་སྦར་ནེཊ་ལགས་ཀྱིས། སྤྱི་ལོ་༡༩༩༠་ནས་རྒྱ་ནག་དང་འབྲུག་བར་འབྲེལ་མོལ་ཐེངས་༢༤་བྱུང་ཡོད་པ་མ་ཟད། ཕན་ཚུན་བར་མཐའ་མཚམས་རྩོད་རྙོག་ནང་དྲག་ཆས་མི་བཀོལ་བའི་ཆིངས་ཡིག་ཅིག་ཀྱང་བཞག་ཡོད་ནའང་། རྒྱ་ནག་གཞུང་གིས་ས་མཚམས་ཁུལ་དུ་གྲོང་གསེབ་འཛུགས་བསྐྲུན་བྱེད་བཞིན་པ་དེས་ཆིངས་དོན་རྡོག་རོལ་བཏང་ཡོད་པ་གསལ་བོ་ཡིན་གསུངས་ཤིང་། རྒྱ་ནག་གཞུང་གིས་སྤྱི་ལོ་༡༩༩༠་གོ་གྲངས་ནས་འབྲུག་གི་སྦས་ཡུལ་ས་ཁུལ་དུ་སིམ་འཛུལ་རིམ་པར་བྱས་ཡོད་ནའང་། ཨ་མི་རི་ཀ་དང་རྒྱ་གར། འབྲུག་བཅས་ཁུ་སིམ་པོར་བཞུགས་པ་ལ་བརྟེན་ནས། རྒྱ་ནག་གིས་གོ་སྐབས་དེ་བེད་སྤྱད་ནས་སྤྱི་ལོ་༢༠༡༨་ལོར་ས་གནས་དེ་ཚོར་གྲོང་གསེབ་གསར་འཛུགས་ཐུབ་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།
གཞན་ཡང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། རྒྱ་ནག་གཞུང་གིས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་ནི་ས་མཚམས་རྒྱ་བསྐྱེད་ཀྱི་ལག་ཆ་ལ་བེད་སྤྱོད་བྱེད་བཞིན་པ་དང་། དཔེར་མཚོན་ཞིག་ནི། མཚོ་སྣ་རྫོང་གི་ས་གནས་ལྟ་བུ་ལ་ཆ་བཞག་ན། ས་གནས་དེ་ནི་རྒྱ་གར་དང་འབྲུག་གི་རྒྱལ་མཚམས་དང་འདབས་འབྲེལ་ཡོད་ཅིང་། ས་གནས་དེ་ཁུལ་དུ་ལོ་མང་ནས་གྲོང་གསེབ་ཧ་ཅང་མང་པོ་ཞིག་འཛུགས་བསྐྲུན་བྱས་ཏེ་ཆུ་གློག་གི་མཐུན་རྐྱེན་སོགས་གང་ལེགས་བསྐྲུན་ཏེ་འཚོ་བ་ཡར་རྒྱས་སུ་གཏོང་ཐབས་བྱེད་བཞིན་པ་མ་ཟད། ལམ་ཁ་གསར་རྒྱག་གང་སར་བྱེད་བཞིན་པ་དང་རྒྱལ་མཚམས་སུ་འཛུགས་བསྐྲུན་ཤུགས་ཆེ་བྱེད་བཞིན་པ་དེས། རྒྱ་གར་ལ་སེམས་འཚབ་སློང་བཞིན་པ་རེད། ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་ལོ་མང་སྔོན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་གྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་མ་ཟད། ལྷག་པར་ས་མཚམས་ཁག་ཏུ་གྲོང་གསེབ་ཧ་ཅང་མང་པོ་གསར་རྒྱག་བྱེད་བཞིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་དེས་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར། བར་ལམ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕེན་ནས་ཀྱང་ངོས་འཛིན་བྱེད་ཀྱི་ཡོད་པ། རྒྱ་ནག་གཞུང་གི་དྲ་ལམ་ཁག་ཏུ་ཐོན་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཨྱོན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎