རྒྱ་དཀར་ནག་གཉིས་ཀྱི་སྐུ་ཚབ་བར་ས་མཚམས་ཀྱི་དཀའ་རྙོག་སེལ་ཆེད་གྲོས་མོལ་བྱས།


2020-10-12
Share
ལ་དྭགས་དང་ཐག་ཉེ་ས་(Gagangeer)ལ་ཡོད་པའི་རྒྱ་གར་གྱི་དམག་མི། ༩།༩།༢༠༢༠ ལ་དྭགས་དང་ཐག་ཉེ་ས་(Gagangeer)ལ་ཡོད་པའི་རྒྱ་གར་གྱི་དམག་མི། ༩།༩།༢༠༢༠
AP

རྒྱ་དཀར་ནག་གཉིས་ཀྱི་སྐུ་ཚབ་བར་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་རིམ་པ་བདུན་པ་གནང་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་གཞོན་པ་སྐུ་ཞབས་(Stephen Bieguns)ལགས་རེས་གཟའ་ཟླ་བ་ནས་འགོ་བཙུགས་ཏེ་ཉིན་གསུམ་རིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚམས་འདྲིར་ཕེབས་པའི་དུས་ཚོད་དང་སྟབས་འཁེལ་ནས། འདི་ཚེས་༡༢རེས་གཟའ་ཟླ་བའི་ཉིན་རྒྱ་གར་དང་རྒྱ་ནག་གི་སྐུ་ཚབ་ཕན་ཚུན་ཐུག་འཕྲད་ཀྱིས་ས་མཚམས་ཀྱི་གྲོས་མོལ་རིམ་པ་བདུན་པ་རྒྱ་གར་ལ་དྭགས་ཕྱོགས་ཀྱི་ས་མཚམས་ཞིག་ནས་གནང་ཡོད་ཀྱང་། ཞིབ་ཕྲའི་གནས་ཚུལ་ད་དུང་ཁ གསལ་མེད་པ་རེད། དེ་ནི་ཕྱོགས་གཉིས་ཀྱིས་ས་མཚམས་ཐོག་དེ་སྔོན་བྱུང་མྱོང་མེད་པའི་དྲག་པོའི་ཛ་དྲག་གི་གནས་སྟངས་གནས་སྐབས་མཚམས་འཇོག་བྱུང་བ་རྒྱུན་གནས་ཐུབ་པའི་གྲུབ་འབྲས་ཤིག་སོན་ཐབས་ཐད་འབད་བརྩོན་གནང་རྒྱུ་ཡིན་པ་རེད།
གནས་ཚུལ་དབྱེ་ཞིབ་པས། ད་རེས་ཀྱི་གྲོས་མོལ་ནང་གྲུབ་འབྲས་ཤིག་སོན་རྒྱུའི་རེ་བ་མཐོང་གི་མེད། འོན་ཀྱང་གྲུབ་འབྲས་ཤིག་ཡོང་རྒྱུའི་རེ་བ་བྱེད་སའི་གནད་དོན་ཁག་ཅིག་ནི། གནས་སྟངས་སྔར་སོར་བྱུང་ཐབས་དེ་ཡིན་ཞིང་། དཔེར་ན། རྒྱ་ནག་གཞུང་གིས་ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་ཧམ་འཛུལ་བྱེད་ཡུལ་ས་ཆ་ནས་ཕྱིར་འཐེན་བྱེད་རྒྱུ་དང་། རྒྱ་གར་གྱི་དམག་དཔུང་ལ་དྭགས་ཀྱི་སྤང་གོང་མཚོ་འགྲམ་ནས་ཕྱིར་འཐེན་བྱ་རྒྱུ་དེ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།
རེས་གཟའ་ཟླ་བའི་ཉིན་གྱི་རྒྱལ་ཁབ་གཉིས་ཀྱི་གྲོས་མོལ་ནང་། རྒྱ་གར་ཕྱོགས་ཀྱི་སྐུ་ཚབ་ནི་ལ་དྭགས་ནང་དུ་ཡོད་པའི་རྒྱ་གར་གྱི་དམག་སྡེ་༡༤པའི་དམག་སྤྱི་(Harinder Sighn)གྱིས་སྣེ་ཁྲིད་གནང་ཡོད་ཅིང་། སྐུ་ཚབ་ཕན་ཚུན་གྱི་གྲོས་མོལ་ནི། རྒྱ་གར་ས་ཁོངས་ཀྱི་དངོས་ཡོད་ས་ཐིག་སྟངས་འཛིན་བྱེད་ཡུལ་(Chushul)ས་ཁུལ་ནང་གནང་ཡོད་པ་དང་། ད་དུང་གྲོས་མོལ་ནང་ཟླ་བ་འདིའི་ནང་དམག་སྤྱི་(Harinder Sighn)གྱི་ལས་གནས་ཀྱི་ཚབ་བཞེས་མཁན་ཡིན་པ་དམག་སྤྱི་(P.G.K Menon) ཞུ་བ་མཉམ་ཞུགས་གནང་ཡོད་ལ། རྒྱ་གར་གྱི་ཕྱོགས་ནས་རྒྱ་ནག་གི་ལས་དོན་ཐོག་གི་རྒྱ་གར་གྱི་ཕྱི་འབྲེལ་མཐོ་རིམ་དཔོན་རིགས་(Naveen Srivastava)ལགས་ཀྱང་མཉམ་ཞུགས་གནང་ཡོད་ཅིང་། ཁོང་ནི་ཁ་སྔོན་ཕྱི་ཟླ་དགུ་པའི་ནང་རྒྱ་གར་དང་རྒྱ་ནག་གི་སྐུ་ཚབ་བར་(Moldo)ས་གནས་ནང་གྲོས་མོལ་གནང་བའི་སྐབས་མཉམ་ཞུགས་གནང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།