རྒྱ་གར་གྱི་ངོས་ནས་བོད་ཐོག་འོས་ཤིང་འཚམས་པའི་སྲིད་ཇུས་ཞིག་འཛིན་རན་རེད་ཟེར།

2020-07-07
གློག་འཕྲིན།
མཆན།
Share
པར་བཀོད།
རྡ་ལམ་སཱ་ལར་རྒྱ་གར་ཡུལ་མི་དང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས། ༢༠༢༠།༦།༡༩
རྡ་ལམ་སཱ་ལར་རྒྱ་གར་ཡུལ་མི་དང་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐབས། ༢༠༢༠།༦།༡༩
AP

རྒྱ་གར་གྱི་ངོས་ནས་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་བཏང་ནས་འོས་ཤིང་འཚམས་པའི་སྲིད་ཇུས་ཞིག་བཟུང་རྒྱུའི་དུས་ལ་བབ་ཡོད་པ་རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་རྩོམ་སྒྲིག་པས་བརྗོད་འདུག
ཟླ་བ་འདིའི་ཚེས་༦་ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་དང་བསྟུན། རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཀྱི་རྩོམ་སྒྲིག་པས་‘རྒྱ་གར་ངེས་པར་དུ་བོད་དོན་ཆེད་དུ་ལངས་དགོས་”ཞེས་པའི་དཔྱད་རྩོམ་ཞིག་སྤེལ་བའི་ནང་དུ། རྒྱ་གར་གྱི་ངོས་ནས་བོད་དོན་ཐོག་འོས་ཤིང་འཚམས་པའི་སྲིད་བྱུས་ཤིག་འཛིན་རྒྱུའི་དུས་ལ་བབ་ཡོད་པ་དང་། རྒྱ་ནག་གི་ཕྱོགས་ནས་བོད་དེ་གནད་འགག་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་པའི་ཐོག་རྒྱ་གར་གྱིས་ཆེད་དུ་དེར་བརྩི་མཐོང་བྱས་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་ངོས་ནས་རྒྱ་གར་གྱི་གཙོ་གནད་ཀྱི་ཁེ་ཕན་དང་ས་ཁུལ་གྱི་མངའ་ཁོངས་བཅས་ལ་ཐེ་ཚོམ་མེད་པའི་ཐོག་ནས་བཙན་རྒོལ་བྱས་ཡོད་པ་དེ་དག་ཐད་ད་ཆ་རྒྱ་གར་ཕྱོགས་ནས་རྒོལ་ལན་སློག་རྒྱུའི་དུས་ལ་བབ་ཡོད་པ་དང་། དེ་ཡང་བོད་དེ་དགོས་དབང་གིས་བཀོལ་སྤྱོད་བྱས་པ་ཙམ་མིན་པར་འཕགས་བོད་གཉིས་ཕན་ཚུན་མཉམ་འབྲེལ་གྱིས་ཞི་བདེ་དང་རང་དབང་གི་ཐོག་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་རྒྱུའི་དུས་ལ་བབ་ཡོད་ཅེས་འཁོད་འདུག
གོང་ཞུས་གནད་དོན་དེའི་ཐད་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཟུར་པ་སྐུ་ཞབས་(Vijay Singh Monkotia)་ལགས་ཀྱིས་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ། ངོས་ཀྱིས་ལོ་མང་གོང་ནས་ད་བར་དེ་ལྟར་བརྗོད་བཞིན་ཡོད། རྒྱ་གར་གྱི་སེམས་ཁམས་ནང་རྒྱ་ནག་ལ་འཇིགས་སྣང་གི་བསམ་པ་ཞིག་ཡོད་པ་དེ་ད་ཆ་མེད་པ་བཟོ་རྒྱུའི་དུས་ལ་བབ་ཡོད་ཅིང་། ༡༩༦༢་ལོའི་དམག་འཁྲུག་དེ་རྒྱ་གར་གྱི་ངོས་ནས་བཤད་ན། ཧ་ཅང་གིས་མཐོང་ཆུང་དང་ཁྱད་གསོད་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། འོན་ཀྱང་ད་ཆ་རྒྱ་གར་ནི་དེ་སྔ་དང་མི་འདྲ་བར་དཔལ་འབྱོར་དང་དམག་དོན་གང་གི་ཆ་ནས་སྟོབས་ཤུགས་ཆེན་པོ་ཆགས་ཡོད་པ་མ་ཟད། ད་ལྟ་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རན་དྷརཱ་མོ་དྷི་(Narendra Modi)་ལགས་ཀྱིས་དབུ་ཁྲིད་པའི་སྲིད་གཞུང་གིས་བོད་དེ་རང་བཙན་རྒྱལ་ཁབ་ཤིག་ཡིན་པ་གསུང་དགོས་པ་ནི། འོས་ཤིང་འཚམས་པའི་དུས་ཚོད་ཤིག་ཡིན་པ་མ་ཟད། ཐེ་ཚོམ་མེད་པའི་ཐོག་ནས་དེ་ལྟར་གསུང་ཐུབ་པའི་ནུས་པ་ཡང་ཡོད་པ་མཐོང་གི་འདུག་ཅེས་གསུངས་ཡོད་པ་རེད།
ཡང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ད་ལྟ་རྒྱ་གར་གཞུང་འཛིན་སྦི་ཇེ་པི་(BJP)་ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་དང་དེ་སྔོན་ཧི་མ་ཅཱལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གནང་མྱོང་མཁན་སྐུ་ཞབས་ཤན་ཏ་ཀུ་མར་(Shanta Kumar)་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ། ངོས་ཀྱིས་ད་ཐེངས་སླར་ཡང་ཞུ་བཞིན་ཡོད། རྒྱ་གར་གྱི་ངོས་ནས་དམིགས་བསལ་གྱིས་འགན་འཁུར་བླངས་ཏེ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་རང་བཞིན་གྱི་སྟེང་གླེང་སློང་བྱས་པ་ཡིན་ན། རྒྱལ་ཁབ་གཞན་ཚོས་ཀྱང་དེ་དེ་བཞིན་རྒྱབ་སྐྱོར་བྱེད་ངེས་ཡིན། རྒྱ་གར་གྱིས་སྣེ་ཁྲིད་ནས་བོད་ཀྱི་རང་དབང་སླར་གསོ་བྱ་དགོས་ཞེས་གསུངས་ཡོད།
གཞན་ཡང་སྤྱི་ལོ་༢༠༡༦་ལོར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་༡༦༠་ཡིས་མཚན་རྟགས་བཀོད་དེ། རྒྱ་གར་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་རྒྱ་གར་གྱི་རིན་ཆེན་(Bharat Ratna)་ཞེས་པ་འབུལ་དགོས་པའི་དགོན་འདུན་བཏོན་པ་བཞིན། སླར་ཡང་སྐུ་ཞབས་ཤན་ཏ་ཀུ་མར་ལགས་ཀྱིས་རྒྱ་གར་སྲིད་བློན་སྐུ་ཞབས་(Narendra Modi)་མཆོགགི་མཚན་ཐོག་ལ་གནད་དོན་འདིའི་ཐད་ཕྱག་བྲིས་ཤིག་ཕུལ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཧི་མ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་ཟུར་པ་ཝི་ཇེ་སིངྒ་མན་ཀོ་ཊི་ཡ་(Vijay Singh Monkotia)་ལགས་ཀྱིས། རྒྱ་གར་གཞུང་གིས་༧གོང་ས་མཆོག་ལ་(Bharat Ratna)་གཟེངས་རྟགས་ཕུལ་བ་ཡིན་ན། དེ་ནི་རྒྱ་གར་རང་ཉིད་ཀྱི་གཟི་བརྗིད་ཡིན་པ་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།
ཉེ་བའི་ཟླ་ཤས་ནང་རྒྱ་གར་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་འདིར། རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་གསར་འགོད་པ། དཔྱད་ཞིབ་པ་སོགས་མང་པོ་ཞིག་གིས་བོད་དོན་ཐད་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་ལ། ཁོང་ཚོ་མང་པོས་ལོ་རབས་ལྔ་བཅུའི་ནང་རྒྱ་གར་གྱི་སྲིད་བློན་དང་པོ་ནེཧ་རུས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་གནང་པའི་སྲིད་ཇུས་དེ་ནོར་འཁྲུལ་ཅན་ཞིག་ཡིན་པ་བརྗོད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།