རྒྱ་གར་གྱིས་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་བྱས་ནས་རྒྱ་ནག་ལ་བརྟེན་མི་དགོས་པ་ཞིག་བསྒྱུར་ཐབས་བྱེད་ཀྱི་ཡོད་ཟེར།

2020-07-01
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་ནང་རྒྱ་ནག་ལ་ངོ་རྒོལ། ༢༠༢༠།༦
རྒྱ་གར་ནང་རྒྱ་ནག་ལ་ངོ་རྒོལ། ༢༠༢༠།༦
AP

རྒྱ་ནག་གི་དངོས་ཟོག་རྣམས་རིམ་པས་རྒྱ་གར་ནང་མེད་པ་བཟོས་ཏེ་འབྱུང་འགྱུར་རྒྱ་གར་རྒྱ་ནག་ལ་བརྟེན་མི་དགོས་པ་ཞིག་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་རྒྱ་གར་རྒྱལ་ཡོངས་ཚོང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་ཡིས་བརྗོད་ཀྱི་འདུག
ཉེ་ལམ་རྒྱ་གར་ལ་དྭགས་ཤར་ཕྱོགས་སུ་ཆགས་པའི་གྷལ་ཝན་ལུང་གཤོངས་སུ། རྒྱ་ནག་དཀར་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་སྟེ། རྒྱ་གར་གྱི་དམག་མི་༢༠་རྐྱེན་ལམ་དུ་སོང་བའི་གནས་ཚུལ་ཐོན་པའི་རྗེས། རྒྱ་གར་རྒྱལ་ཡོངས་ཚོང་པའི་ལྷན་ཚོགས་ཚུད་པའི་རྒྱ་གར་གྱི་ཚོགས་སྡེ་ཁག་འདྲ་མིན་ནས་རྒྱ་ནག་ནས་བཟོས་པའི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བཞིན་འདུག་ཅིང་། རྒྱ་གར་རྒྱལ་ཡོངས་ཚོང་པའི་ལྷན་ཚོགས་ཀྱིས་དྲུང་ཆེ་(Praveen Khandelwal)་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་གར་རྒྱལ་ཡོངས་ཚོང་པའི་ལྷན་ཚོགས་ཀྱི་འོག་ལ་ད་ལྟའི་ཆར་ཚོང་པ་འབུམ་བདུན་བརྒྱ་ཡོད་པ་མ་ཟད། ཚོང་པའི་མཐུན་ཚོགས་མི་འདྲ་བ་སྟོང་ཕྲག་༤༠་ལྷག་ཡོད་ཅིང་། འདི་ལོའི་སྤྱི་ཟླ་༦་པའི་ཚེས་༡༠་ཉིན་ལ་དྭགས་གྷལ་ཝན་གྱི་གནས་ཚུལ་དེ་མ་ལྷག་གོང་ནས་ང་ཚོས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་དགོས་པའི་ལས་འགུལ་དེ་འགོ་བཙུགས་ཡོད། ད་དུང་མུ་མཐུད་ནས་ལས་འགུལ་དེ་ལྟར་སྤེལ་རྒྱུ་ཡིན་ཞིང་། འབྱུང་འགྱུར་རྒྱ་གར་དེ་བཞིན་རྒྱ་ནག་ལ་བརྟེན་མི་དགོས་པ་ཞིག་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ནམ་ཞིག་རྒྱ་ནག་གི་ཐོན་རྫས་རྣམས་རིམ་པས་རྒྱ་གར་ནང་མེད་པ་བཟོ་ཐུབ་པ་ང་ཚོར་ཡིད་ཆེས་ཡོད་ཅེས་བརྗོད་ཡོད་པ་རེད།
དེའི་ཐད་རྒྱ་གར་ལྷོ་ཕྱོགས་(Chennai)་གྲོང་ཁྱེར་རུ་རྟེན་གཞི་བྱས་པའི་(Institute of Development Alternatives)་འམ་སྣ་མང་ཡར་རྒྱས་ལྟེ་གནས་ཁང་གིས་འགན་འཛིན་དཔལ་འབྱོར་རིག་པ་བ་(J. Jeyaranjan)་ལགས་ཀྱིས། རྒྱ་གར་གྱི་ངོས་ནས་རྒྱ་ནག་ལ་རྒོལ་ལན་ཆེད་དུ། རྒྱ་ནག་ནས་བཟོས་པའི་ཅ་དངོས་ཉོ་ཚོང་མཚམས་འཇོག་བྱས་པ་དེས། ད་ལྟ་རྒྱ་གར་གྱི་ཁྲོམ་རྭའི་ནང་དུ་འཁོར་རྒྱུགས་ཆེ་བའི་རྒྱ་ནག་གི་ཐོན་རྫས་ནང་བཞིན་རྒྱ་གར་རང་ཉིད་ཀྱིས་འཕྲལ་དུ་གསར་བསྐྲུན་བྱེད་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཡོད་པ་དང་། གལ་ཏེ་ཕྱི་རྒྱལ་ཁག་ནས་རྒྱ་གར་ལ་དེ་ལྟ་བུའི་ཐོན་རྫས་རྣམས་ནང་འདྲེན་བྱས་པ་ཡིན་ན། རིན་གོང་ཆེ་བའི་དབང་གིས་རང་བཞིན་གྱི་རྒྱ་གར་ལ་གྱོང་གུན་ཆེ་པོ་རག་རྒྱུ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་འདི་ཚེས་༢༥ཉིན་རྒྱ་གར་གྱིས་གསར་སྤེལ་ཁང་ཚོས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མགྲོན་ཁང་དང་ཟ་ཁང་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་གསོལ་མགྲོན་ཁང་༣༠༠༠་ལྷག་གིས་རྒྱ་ནག་གི་མི་སེར་སུ་ལའང་ཞག་སྡོད་ཞབས་ཞུ་བྱེད་རྒྱུ་མིན་པ་ཐག་གཅོད་བྱས་ཡོད་པ་གནས་ཚུལ་སྤེལ་འདུག་པ་དེར་རྒྱ་ནག་གཞུང་གིས་ལན་འདེབས་བྱས་པའི་ནང་།  རྒྱ་གར་གྱིས་བྱེད་སྟངས་དེས་རྒྱ་རིགས་རྒྱ་གར་དུ་ཡུལ་སྐོར་ལ་འགྲོ་རྒྱུར་འགོག་རྐྱེན་ཆེན་པོ་བཟོ་སྲིད་པ་མ་ཟད། རྒྱ་གར་ལ་ཨ་སྒོར་ས་ཡ་མང་པོ་གྱོང་གུན་རག་སྲིད་པ་དང་། མདོར་ན་གནོད་འཚེ་ཕོག་མཁན་ནི་རྒྱ་གར་རང་ཉིད་ཡིན་པ་བརྗོད་འདུག
གོང་ཞུས་མཐའ་མཚམས་ཀྱི་གནས་ཚུལ་དེ་ལྷག་པ་ནས་བཟུང་། རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་ལ་སྡང་ཟུག་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། རྒྱ་གར་ཕྱོགས་ནས་རྒྱ་མིའི་ཚོང་ཟོག་བཀག་འགོག་བྱེད་པ་དང་། སྐད་འཕྲིན་གཙོས་རྒྱ་ནག་གིས་བཟོས་པའི་ཁ་པར་མཉེན་ཆས་མ་ལག་རིགས་༥༩་རྒྱ་གར་གཞུང་གི་བཀའ་ཁྱབ་འོག་སྒོ་རྒྱག་གཏན་འཁེལ་ཡོད་པ་མ་ཟད། རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་གསོལ་མགྲོན་ཁང་ཚོས་རྒྱ་མིའི་མི་སེར་སུ་ལའང་ཞག་སྡོད་ཞབས་ཞུ་བྱེད་རྒྱུ་མིན་པ་ཐག་གཅོད་བྱས་པ་སོགས་ཀྱི་དབང་གིས་འབྱུང་འགྱུར་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཚོང་འབྲེལ་དང་ཕྱི་སྲིད་འབྲེལ་ལམ་བཅས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་སྲིད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་པ་རེད།
གཞན་ཡང་རྒྱ་གར་རྒྱལ་ཡོངས་ཚོང་པའི་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་ལྟར་ན། སྤྱི་ལོ་༢༠༡༩་ལོར་རྒྱ་གར་གྱིས་རྒྱ་ནག་ལ་དངོས་ཟོག་ཨ་སྒོར་ཐེར་འབུམ་༡༦་ལྷག་ཕྱི་ཚོང་བྱས་ཡོད་ཀྱང་། རྒྱ་ནག་གིས་རྒྱ་གར་ལ་དངོས་ཟོག་ཕྱི་ཚོང་བྱས་བའི་ནང་ཨ་སྒོར་ཐེར་འབུམ་༧༣། ༨་ནས་ཨ་སྒོར་ཐེར་འབུམ་༦༨། ༢་བར་ཉུང་དུ་ཕྱིན་ཡོད་པ་འཁོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།