རྒྱ་ནག་དང་དབྱིན་ཡུལ་གྱི་འབྲེལ་བར་དོ་ཕོག་བྱུང་བ།

རྒྱ་ནག་གཞུང་གིས་དབྱིན་ཇིའི་མི་སེར་ཞིག་སྲོག་ཐོག་བཏང་བའི་རྗེས་སུ་རྒྱ་ནག་དང་དབྱིན་ཡུལ་གཉིས་དབར་གྱི་འབྲེལ་བར་དོ་ཕོག་བྱུང་འདུག
2009-12-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་ནག་གཞུང་གིས་དབྱིན་ཇིའི་མི་སེར་ཡིན་པ་སེམས་ཁམས་མི་བདེ་བ་ཞིག་སྲོག་ཐོག་བཏང་བའི་རྗེས་སུ་རྒྱ་ནག་དང་དབྱིན་ཡུལ་གཉིས་དབར་གྱི་འབྲེལ་བར་དོ་ཕོག་བྱུང་འདུག་ དབྱིན་ཇིའི་གཞུང་གིས་ཡུལ་དེའི་ནང་བཅའ་བཞུགས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་ཕུའུ་དབྱིང་བཀའ་འགུག་གནང་སྟེ་དབྱིན་ཇིའི་མི་སེར་ཡིན་པ་ཨཀ་མལ་ཤ་ཨིཀ་རྒྱ་གཞུང་གིས་སྲོག་ཁྲིམས་བཅད་པ་དེར་ཁོང་ཁྲོའི་རྣམ་འགྱུར་དྲག་པོ་བཏོན་འདུག་ལ་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་ནས་ཨཀ་མལ་ཤ་ཨིཀ་སེམས་ཁམས་བདེ་པོ་མེད་སྟབས་ཉེས་པ་ཆ་གཡང་ཡོང་བའི་འབོད་སྐུལ་ཡང་ཡང་ཞུས་པ་ཁག་རྒྱ་གཞུང་གིས་སྣང་མེད་བཏང་སྟེ་ཤ་ཨིཀ་སྲོག་ཐོག་བཏང་བ་དེ་ནི་སྐྲག་སྣང་སྐྱེད་དགོས་པ་ཞིག་དང་ཁོང་རང་ཐུགས་ཕམ་ཆེན་པོ་བྱུང་སྐོར་གསུངས་འདུག་ དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གཞོན་པ་ཨི་ལྦན་ལུ་ལྦི་སི་མཆོག་ནས་རྒྱ་གཞུང་གིས་ཨཀ་མལ་ཤ་ཨིཀ་སྲོག་ཐོག་བཏང་བ་དེར་ངོས་ལེན་རྩ་བ་ནས་མེད་པ་གསལ་པོ་བཟོས་པ་དང་རྒྱ་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ཐུབ་མེད་སྐོར་དང་ཤ་ཨིཀ་སེམས་བདེ་པོ་མེད་པའི་སྨན་ཁང་གི་ཡིག་ཆ་ཁག་ལ་བསམ་ཞིབ་རྩ་བ་ནས་མ་བྱས་པ་དེར་ཡང་སྐྱོན་བརྗོད་དྲག་པོ་གནང་འདུག་ལ་ཡང་གལ་ཏེ་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་ཁག་ལ་མོས་མཐུན་བྱས་པ་ཁོ་ན་བརྒྱུད་ནས་རྒྱ་ནག་ལ་འཛམ་གླིང་གིས་གུས་བརྩི་ཐོབ་རྒྱུ་ཡིན་པ་དེ་རྒྱ་ནག་གིས་ཤེས་དགོང་ངེས་ཡིན་ལུགས་སི་ཀའེ་ཞེས་པའི་བརྙན་འཕྲིན་ལས་ཁང་ལ་གསུངས་འདུག་ ཡིན་ནའི་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་ཅང་ཡུས་རྒྱ་གཞུང་གིས་ཨཀ་མལ་ཤ་ཨིཀ་ལ་སྲོག་ཐོག་བཏང་བ་དེར་དབྱིན་ཇིའི་གཞུང་གིས་ངོ་རྒོལ་སྐྱོན་བརྗོད་བྱས་པ་ཁག་ཡིད་མ་རངས་པའི་བསམ་ཚུལ་དྲག་པོ་བཏོན་པ་མ་ཟད་དབྱིན་ཡུལ་གྱིས་དེར་གདོང་ལེན་བྱས་ཏེ་ད་དུང་ཡང་རྒྱ་ནག་དང་དབྱིན་ཡུལ་གཉིས་ཀྱི་འབྲེལ་བར་འགོག་རྐྱེན་གསར་པ་མི་བཟོ་བའི་རེ་བ་བྱེད་ཀྱི་ཡོད་ལུགས་བརྗོད་འདུག་ ཡང་འདི་ལོའི་ཕྱི་ཟླ་དགུ་པའི་ནང་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གཞོན་པ་ཨི་ལྦན་ལུ་ལྦི་སི་མཆོག་བོད་ནང་གཟིགས་སྐོར་ཕེབས་ནས་བོད་ལ་དོན་དམ་པའི་རང་སྐྱོང་གི་གནས་བབས་ལ་དབྱིན་ཡུལ་གྱིས་རྒྱབ་སྐྱོར་ཡོད་པ་ནན་བརྗོད་གནང་སྟབས་རྒྱ་གཞུང་ཁོང་ཁྲོ་ལང་ཡོད་པའི་གནས་ཚུལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།