དབྱར་རྩྭ་དགུན་འབུ་དང་ཉེན་རྟོག་པས་དྲག་གནོན།


2014.06.27
བལ་ཡུལ་དོལ་པོ་ཡུལ་དུ་ཉེན་རྟོག་པས་དྲག་གནོན་བྱས་སྐབས། ༢༠༡༤།༦།༣ བལ་ཡུལ་དོལ་པོ་ཡུལ་དུ་ཉེན་རྟོག་པས་དྲག་གནོན་བྱས་སྐབས། ༢༠༡༤།༦།༣
AHRC

དོལ་པོ་ཡུལ་དུ་དབྱར་རྩྭ་དགུན་འབུ་བརྐོ་ཕྱོགས་ཐད་མ་མཐུན་པའི་འཁྲུག་རྩོད་བྱུང་ནས་མི་གྲངས་གཉིས་བསད་པ་དང་༥༠ལྷག་རྨས་འདུག
དེ་ཡང་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་སྤྱི་ཟླ་༦པའི་ཚེས༣ཉིན་བལ་ཡུལ་གྱི་མཐའ་མཚམས་རྫོང་ཁག་དོལ་པོ་རྫོང་ཁོངས་ཀྱི་དོལ་གྲོང་ཚོའི་ཡུལ་མི་དང་ཁུལ་དེའི་ས་གནས་སྟངས་འཛིན་ཚོགས་པ་བར་དབྱར་རྩྭ་དགུན་འབུ་བརྐོ་ཕྱོགས་ཐད་མ་མཐུན་པའི་འཁྲུག་རྩོད་བྱུང་བ་དང་། སྐབས་དེར་ས་གནས་སྟངས་འཛིན་ཚོགས་པ་དེ་མཉམ་དུ་ཉེན་རྟོག་པ་དང་། དྲག་ཆས་དམག་མི་བཅུ་ཕྲག་ཁ་ཤས་ཡོད་པ་ཚོས་དོལ་པོ་ཡུལ་མི་དབྱར་རྩ་བརྐོ་མཁན་ཚོའི་ཐོག་དྲག་གནོན་བྱས་བའི་ཁྲོད་ཚེ་རིང་ཕུར་བ་དང་། དོན་གྲུབ་བླ་མ་བཅས་མི་གཉིས་རྐྱེན་ལམ་བཏང་བ་དང་། མི་གྲངས་༥༠ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཁོང་ཚོ་མང་ཆེ་བ་ནི་དོལ་པོ་རྫོང་ཁོངས་ཀྱི་དོལ་གྲོང་ཚོ་དང་ཚེར་ཁ་གྲོང་ཚོ་ནས་ཡིན་པ་རེད། དེའི་ཐད་ས་གནས་ཡུལ་མི་ཕུར་བ་དོན་གྲུབ་གྱིས་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་བརྗོད་དོན། བལ་ཡུལ་ཉེན་རྟོག་པས་ང་ཚོའི་ཐོག་དྲག་གནོན་བྱས་བའི་མ་ཚད། ད་དུང་ས་ཁུལ་འདི་ནི་ཁྱེད་ཚོའི་རྒྱལ་ཁབ་མ་རེད། འདི་ནི་བལ་ཡུལ་རྒྱལ་ཁབ་རེད། ཁྱེད་ཚོ་བྷོཊེ་ཚོ་ཡག་པོ་མ་བསྡད་ན་གསོད་ཀྱི་ཡིན་ཞེས་སོགས་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་འཇིགས་སྐུལ་མང་པོ་བྱས་སོང་ཅེས་དང་། འོན་ཀྱང་ང་ཚོར་འགྲོ་བ་མིའི་ཐོབ་ཐང་སྤྱི་མཚུངས་ཡོད་པ་ལྟར་ད་ལྟ་ང་ཚོའི་ངོས་ནས་དྲག་གནོན་སྐབས་རྐྱེན་འདས་སུ་བཏང་བའི་ནང་མི་ཚོའི་གུན་གསབ་སྤྲོད་དགོས་པ་དང་། དེ་བཞིན་རྨས་སྐྱོན་ཕོག་པའི་མི་རྣམས་ལ་རྨས་བཅོས་སོགས་ཀྱི་མཐུན་རྐྱེན་སྦྱོར་དགོས་པ་མ་ཟད་གུན་གསབ་སྤྲོད་དགོས་བའི་ཐོག་བལ་ཡུལ་གཞུང་གི་ངོས་ནས་དེའི་ཐད་དགོས་ངེས་བྱ་སྤྱོད་སྤེལ་དགོས་པའི་འདུན་བཏོན་ཡོད་པ་བཤད་འདུག དེ་བཞིན་དེའི་ཐད་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་ཀྱང་བལ་ཡུལ་གཞུང་ལ་དྲག་གནོན་ཁྲོད་ཚེ་སྲོག་ཤོར་བའི་ཛ་དྲག་གི་དོན་རྐྱེན་ལ་གང་མགྱོགས་ཞིབ་འཇུག་བྱས་ནས་དགོས་ངེས་ཀྱི་ལས་དོན་བསྒྲུབ་དགོས་བ་དང་ས་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་པའི་ནན་སྐུལ་བྱས་ཡོད་པ་སོགས་འཁོད་འདུག
བལ་ཡུལ་གྱི་བྱང་རྒྱུད་དང། ཤར་རྒྱུད་ཁུལ་དུ་དོལ་པོ་དང་། ཡོལ་མོ། རྟ་མང་དང་ཤར་པ་སོགས་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་རིགས་མང་པོ་ཡོད་པ་དང་། ཁོང་ཚོའི་ཡུལ་སྲོལ་གོམས་གཤིས་སོགས་ད་དུང་མང་ཆེ་བ་བོད་དང་གཅིག་མཚུངས་ཡིན་ལ་མཚམས་རེར་བལ་ཡུལ་གྱི་ཡུལ་མི་ཚོས་ཁོང་ཚོ་བོད་མི་ཡིན་ཚུལ་གྱི་བརྙས་བཅོས་དང་དབྱེ་འབྱེད་བྱས་བའི་གནས་ཚུལ་ཡང་ཡང་ཡོང་བཞིན་པ་རེད།
དེ་བཞིན་ལོའི་རེའི་སྤྱི་ཟླ་༥བ་དང་༦པ་བཅས་ནི་དབྱར་རྩ་དགུན་འབུ་སྔོག་འཐུ་བྱེད་པའི་དུས་ཚིགས་ཡག་ཤོས་དེ་ཡིན་པ་དང་། དབྱར་རྩྭ་དགུན་འབུ་ཞེས་པ་ནི་ས་མཐོའི་བོད་དང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་བལ་ཡུལ་དང་འབྲས་ལྗོངས་སོགས་ཀྱི་རི་མགོ་སྤང་ལྗོངས་དང་འབྲོག་ས་སོགས་སུ་ཐར་ཐོར་དུ་སྐྱེས་བའི་གནའ་དུས་ནས་ཡོད་པའི་རྩ་ཆེའི་སྨན་རྫས་ཡིན་ན་ཡང་།
སྤྱི་ཚོགས་ནང་དཔལ་འབྱོར་གྱི་རིན་ཐང་ལྡན་པ་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་གཞི་ནས་ཤེས་རྟོགས་དང་དར་སྲོལ་བྱུང་བ་ཡིན་པ་དང་། སྐྱེ་ཁམས་རིག་པ་བ་ཚོས་དབྱར་རྩྭ་དགུན་འབུ་བརྐོ་བར་དོ་དམ་མ་བྱས་ན་འབྱུང་འགྱུར་རང་བྱུང་ཁམས་ལ་ད་ལྟ་ལས་ལྷག་པའི་གནས་ཚུལ་ཚབས་ཆེན་ལྷགས་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱིན་ཡོད། ལྷག་པར་དུ་བོད་རིགས་ནང་ཁུལ་ཡུལ་སྡེ་དང་མི་སྒེར་བར་འཁྲུག་རྩོད་ཀྱི་གནད་དོན་འབྱུང་རྩ་ཞིག་ཀྱང་ཆགས་ཡོད།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎