ཀེམ་སྦོ་དྲི་ཡ་དང་ཐའེ་ལན་དྲིའི་ས་མཚམས་དམག་འཁྲུག་སྐོར།

ཀེམ་སྦོ་དྲི་ཡ་སྲིད་བློན་མཆོག་གིས་འབོད་སྐུལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎

2011-02-17
Share

༄༅༎ཀེམ་སྦོ་དྲི་ཡ་དང་ཐའེ་ལན་དྲི་དབར་ས་མཚམས་ཀྱི་དམག་འཁྲུག་གཏན་དུ་མཚམས་འཇོག་ཡོང་ཐབས་ཆེད་རྒྱལ་ཁབ་གཉིས་དབར་གྲོས་མཐུན་འཇོག་དགོས་པའི་སྐོར་ཀེམ་སྦོ་དྲི་ཡ་སྲིད་བློན་མཆོག་གིས་འབོད་སྐུལ་གནང་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཀེམ་སྦོ་དྲི་ཡ་དང་ཐའེ་ལན་དྲིའི་ས་འབྲེལ་ས་མཚམས་སུ་ཆགས་པའི་པིརིཡ་ལྦི་ཧར་ཞེས་པའི་ལོ་ངོ་༩༠༠ལྷག་གི་ནང་པའི་ལྷ་ཁང་གི་བདག་དབང་ཐོག་རྒྱལ་ཁབ་གཉིས་དབར་ལོ་མང་རིང་རྩོད་གླེང་ཡོད་པ་དང་ལོ་ངོ་༤༩གོང་རྒྱལ་སྤྱིའི་ཁྲིམས་ཁང་ནས་ལྷ་ཁང་གི་བདག་དབང་དེ་ཀེམ་སྦོ་དྲི་ཡ་ལ་རྩིས་སྤྲོད་བྱས་ཡོད་ཀྱང་ས་མཚམས་ཀྱི་དམག་འཁྲུག་བསྟུད་མར་བྱུང་བཞིན་ཡོད་པ་རེད་ བདུན་ཕྲག་འདིའི་ནང་སླར་ཡང་གོང་གསལ་ལྷ་ཁང་ཆགས་ཡུལ་ས་གནས་སུ་རྒྱལ་ཁབ་གཉིས་ཀྱི་ས་མཚམས་དམག་མིའི་དབར་མེ་འཕེན་བྱས་ཏེ་ཐའེ་ལན་དྲིའི་དམག་མི་གསུམ་དང་ཀེམ་སྦོ་དྲི་ཡའི་དམག་མི་བརྒྱད་རྐྱེན་ལམ་དུ་སོང་ཞིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ནས་རྒྱལ་ཁབ་གཉིས་ཕྱོགས་ནས་བཟོད་སྲན་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པ་རེད་ རེས་གཟའ་ཕུར་བུའི་ཉིན་ཀེམ་སྦོ་དྲི་ཡའི་སྲིད་བློན་ཧན་སེན་གྱིས་ཀེམ་སྦོ་དྲི་ཡ་ངོས་ནས་རྒྱལ་ཁབ་གཉིས་དབར་དམག་འཐབ་མཚམས་འཇོག་ཙམ་མ་ཟད་གཏན་འཇགས་དམག་མཚམས་ཀྱི་གྲོས་མཐུན་འཇོག་རྒྱུའི་འདུན་པ་ཡོད་པ་བཞིན་ཐའེ་ལན་དྲི་ཕྱོགས་ནས་དེ་མཚུངས་མོས་མཐུན་ཡོང་བའི་འབོད་སྐུལ་བྱས་ཡོད་པ་རེད་ སྲིད་བློན་ཧན་སེན་གྱིས་བརྗོད་ན་དམག་མཚམས་རྒྱུན་འཁྱོངས་གནང་ཐབས་སུ་རྩོད་གཞི་ཅན་གྱི་ས་འབྲེལ་ས་མཚམས་ཁུལ་དུ་ཤར་ལྷོ་ཨེ་ཤི་ཡའི་ཡུལ་ཁག་མཐུན་ཚོགས་ནས་རྟོག་ཞིབ་སྐུ་ཚབ་ཆེད་བཏོང་གནང་དགོས་པ་དང་ཡང་མཐུན་ཚོགས་ཀྱི་ཞི་བདེ་སྲུང་དམག་འགྲེམས་འཇོག་བྱས་པ་ཡིན་ནའང་དེར་མོས་མཐུན་ཞུ་རྩིས་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག ཡིན་ཡང་ཐའེ་ལན་དྲིའི་སྲིད་བློན་མཆོག་གིས་རྒྱལ་ཁབ་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་དེ་བཞིན་ཕྱོགས་གཉིས་དབར་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་ཞིག་ལས་དེར་ཤར་ལྷོ་ཨེ་ཤི་ཡའི་ཡུལ་ཁག་མཐུན་ཚོགས་ནས་རྟོག་ཞིབ་བྱེད་དགོས་དོན་མེད་ལ་ དེ་བཞིན་རྒྱལ་ཁབ་གཉིས་དབར་གཏན་འཇགས་དམག་མཚམས་ཀྱི་ཆིངང་དོན་ཡང་འཇོག་དགོས་དོན་མེད་པའི་སྐོར་ལན་འདེབས་བྱས་འདུག་༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།