ཁེ་ན་ཌའི་ནང་གི་རྒྱ་ནག་གཞུང་ཚབ་པས་གློ་བུར་དུ་ལས་མཚམས་བཞག་ཏེ་རྒྱ་ནག་ཏུ་ཕྱིར་ལོག་བྱས་འདུག

2024.04.22
ཁེ་ན་ཌའི་ནང་གི་རྒྱ་ནག་གཞུང་ཚབ་པས་གློ་བུར་དུ་ལས་མཚམས་བཞག་ཏེ་རྒྱ་ནག་ཏུ་ཕྱིར་ལོག་བྱས་འདུག ཁེ་ན་ཌའི་ནང་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་(Cong Peiwu) ༡༡།༢༢།༢༠༡༩
REUTERS/Blair Gable

དེ་ཡང་ཁེ་ན་ཌའི་ནང་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་(Cong Peiwu)་ཟེར་བས་༢༠༡༩ནས་བཟུང་ཁེ་ན་ཌའི་ནང་གི་རྒྱ་ནག་གི་གཞུང་ཚབ་པའི་ལས་འཁུར་ཞུས་ཡོད་ཀྱང་། ད་ཆ་གཞུང་ཚབ་པའི་ལས་འཁུར་བཞག་ནས་རྒྱ་ནག་ཏུ་ཕྱིར་ལོག་བྱས་ཡོད་པ་གནས་ཚུལ་དེའི་ཐད་རྒྱུས་མངའ་ཡོད་མཁན་ཞིག་གིས་ཕྱི་ཟླ་བཞི་པའི་ཚེས་༢༡རེས་གཟའ་ཉི་མའི་ཉིན་བཤད་ཡོད་པ་དང་། གནས་སྟངས་དེ་ནི་ཁེ་ན་ཌའི་ཕྱི་འབྲེལ་མཐོ་རིམ་དཔོན་རིགས་ཤིག་རྒྱ་ནག་ནང་འཚམས་གཟིགས་གནང་བཞིན་པའི་སྐབས་དང་འཁེལ་ཡོད་པ་རེད། འོན་ཀྱང་(Cong Peiwu)་ཡིས་ཁེ་ཎ་ཌའི་ནང་གི་རྒྱ་ནག་གཞུང་ཚབ་པའི་ལས་གནས་མཚམས་འཇོག་དགོས་པའི་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་གང་ཡང་ཐོན་མེད་པར་བརྟེན་ཁེ་ན་ཌའི་རྒྱལ་ས་(Ottawa)་ནང་གི་རྒྱ་ནག་གཞུང་ཚབ་ཁང་ལ་རོའུ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་དེའི་ཐད་འདྲི་རྩད་བྱས་ཀྱང་ལན་འདེབས་གང་ཡང་བྱས་མེད་པ་རེད་འདུག
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གིས་དེ་སྔོན་ལ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་(Ma Zhaoxu)་ནས། རྒྱ་ནག་ནང་འཚམས་འདྲི་གནང་བཞིན་པའི་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གཞོན་པ་(David Morrison)་དང་ལྷན་དུ་མཇལ་འཕྲད་ཀྱིས་དཔོན་རིགས་གཉིས་པོ། ཁེ་ན་ཌ་དང་རྒྱ་ནག་གི་འབྲེལ་ལམ་གཙོས་ཕྱོགས་གཉིས་པོའི་ཁེ་ཕན་དང་བློ་འཚབ་ཡོད་པའི་གནད་དོན་ཁག་གི་ཐོག་ལ་གོ་བསྡུར་བྱས་ལུགས་བཤད་ཡོད་པ་རེད།
ཁེ་ན་ཌའི་རྒྱ་ནག་གཞུང་ཚབ་པ་(Cong Peiwu)་ཡི་ལས་གནས་བཞག་རྗེས་རྒྱ་ནག་ཏུ་ཐོན་པའི་གནས་ཚུལ་ཐོག་མར་དེ་(Globe and Mail)་ཟེར་བས་སྤེལ་ཡོད་པ་དང་། (Cong)་ཡིས་ཕྱི་ཟླ་བཞི་པའི་ཚེས་༩ཉིན་ལས་མཚམས་བཞག་པའི་གནས་ཚུལ་དེ་ནི་ཕྱི་འབྲེལ་གྱི་ལས་དོན་ནང་གནས་ཚུལ་ཧང་སངས་དགོས་པ་ཞིག་བྱུང་བ་དང་། དེའི་རྒྱུ་མཚན་ནི་གནས་ཚུལ་གློ་བུར་དུ་བྱུང་བ་ཞིག་ཡིན་པའི་སྐོར། རྒྱུས་མངའ་ཡོད་མཁན་གྱི་གནས་ཚུལ་ཡོང་ཁུངས་ནས་བཤད་ཡོད་ལུགས་གསར་ཤོག་དེའི་ཐོག་ལུང་འདྲེན་བྱས་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་གཞུང་གིས་ཁེ་ན་ཌའི་སྐྱེས་པ་གཉིས་ཉིན་གྲངས་ཆིག་སྟོང་ལྷག་རིང་དོ་དམ་བཀག་ཉར་བྱས་པའི་འཕེལ་རིམ་དེ་ནི་ཁེ་ན་ཌའི་གཞུང་དང་ཨ་རི་གཉིས་པོས། རྒྱ་ནག་གཞུང་མཉམ་དུ་རྩོད་རྙོག་ཏུ་གྱུར་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་། སྐབས་དེར་ཁེ་ན་ཌ་གཞུང་གིས་འཛིན་བཟུང་བྱས་པའི་རྒྱ་ནག་གི་བརྡ་འཕྲིན་ཚོང་ལས་ཁང་(Huawei)་ཡི་(Meng Wanzhou)་ཨ་རིས་ཉེས་ཅན་པ་རྩིས་ལེན་གྱི་ཆིངས་ཡིག་གི་ཐོག་ནས་ཁེ་ན་ཌ་ནས་ཨ་རིས་རྩིས་ལེན་མ་གནང་བའི་རེ་སྐུལ་ཞུས་པ་ལྟར། ཨ་རིའི་ཁྲིམས་འཛིན་ལས་ཁང་གིས་ཉེས་ཅན་པ་རྩིས་ལེན་གྱི་ཆིངས་ཡིག་ལག་བསྟར་མ་གནང་བར་བརྟེན་ནས་(Meng Wanzhou)་རྒྱ་ནག་ཏུ་ཕྱིར་ལོག་བྱས་པའི་དུས་གཅིག་ལ་ཁེ་ན་ཌའི་སྐྱེས་པ་གཉིས་པོ་རྒྱ་ནག་གཞུང་གིས་གློད་བགྲོལ་བཏང་ཡོད་པ་རེད།


གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎