ཁེ་ཎ་ཌའི་གྲོས་ཚོགས་ནང་བོད་དོན་གླེང་སློང་གནང་འདུག

2019-05-16
གློག་འཕྲིན།
མཆན།
Share
པར་བཀོད།
ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཐན་ཧཡི་ནྔོ་(Thanh Hai Ngo)མཆོག་གིས་བོད་དོན་གཏམ་བཤད་སྐབས། ༢༠༡༩།༥།༡༤
ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཐན་ཧཡི་ནྔོ་(Thanh Hai Ngo)མཆོག་གིས་བོད་དོན་གཏམ་བཤད་སྐབས། ༢༠༡༩།༥།༡༤
sencanada.ca

ཁེ་ཎ་ཌའི་གྲོས་ཚོགས་ནང་བོད་དོན་གླེང་ནས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་བསྐྲུན་ཆེད་ཁེ་ཎ་ཌའི་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག
ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ ཐན་ཧཡི་ནྔོ་(Thanh Hai Ngo)་ལགས་ཀྱིས་ཁེ་ཎ་ཌའིགྲོས་ཚོགས་ནང་བོད་ནང་གི་གནས་སྟངས་ལ་ཐུགས་འཚབ་ཀྱི་གྲོས་འཆར་བཏོན་པ་དང་སྦྲགས་བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་བསྐྲུན་ཆེད་ཁེ་ཎ་ཌའི་གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ་གསུངས་འདུག
དེ་ཡང་ཕྱི་ཚེས་༡༤རེས་གཟའ་མིག་དམར་ཉིན། ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐན་ཧཡི་ནྔོ་(Thanh Hai Ngo)་ལགས་ཀྱིས། རྒྱ་ནག་གཞུང་ནས་བོད་ནང་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་། འགྲོ་བསྐྱོད་རང་དབང་ལ་སོགས་པའི་གཞི་རྩའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་དམ་དྲག་བྱེད་བཞིན་ཡོད་པའི་གནས་སྟངས་ལ་ཧ་ཅང་གི་བློ་འཚབ་ཡོད་པ་གསལ་འདོན་གནང་ནས། དེ་འདྲའི་གནས་སྟངས་ལ་ང་ཚོ་གྲོས་ཚོགས་ཀྱི་འཐུས་མི་ཚོས་གཏམ་སྙོམས་ངང་སྡོད་ཐབས་མེད་ལ། ད་ཆ་ཁེ་ན་ཌའི་གཞུང་ཕྱོགས་ནས་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་པའི་དུས་ལ་བབ་འདུག་ཅེས་གསུངས་ཡོད་པ་རེད།
གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐན་ཧཡི་ནྔོ་(Thanh Hai Ngo)མཆོག་གིས། ཁེ་ཎ་ཌའི་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་ལས་དོན་ཞུ་ཕྱོགས་ཐད། དེ་སྔོན་ཕྱི་ཟླ་༣པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས། ཁེ་ཎ་ཌའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་བོད་དོན་སྙན་སེང་སྐབས། བོད་མིར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཐོབ་ཆེད་ཁེ་ཎ་ཌའི་གཞུང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བོད་དོན་དང་འབྲེལ་བའི་དོན་ཚན་བཞིའི་ཐོག་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་ཡོད་པ་དེ་གཞིར་བཟུང་ལག་བསྟར་བྱེད་དགོས་པ་གསུངས་ཤིང་།  དོན་ཚན་བཞི་པོ་ནི། ཁེ་ཎ་ཌའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་ནས། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་རེ་འདུན་འདོན་དགོས་པ་དང་། གཉིས་པ། རྒྱ་ནག་གཞུང་གིས་བོད་མིའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐོབ་ཐང་དང་། བུད་མེད་ཀྱི་ཐོབ་ཐང་། བོད་མིའི་ཆོས་དད་རང་དབང་ལ་གུས་བརྩི། གཞུང་ཕྱོགས་དང་ལྟ་སྤྱོད་མི་མཐུན་པ་ཚོའི་ཐོབ་ཐང་བཅས་ལ་གུས་བརྩི་ཞུ་དགོས་པ། གསུམ་པ། བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ་མ་ཟད། དམ་བསྒྲགས་བཀག་བསྐྱིལ་འོག་གནས་བཞིན་པའི་བོད་མི་དེ་དག་འཕྲལ་མར་གློད་བཀྲོལ་གཏོང་དགོས་པ། བཞི་པ། རྒྱ་ནག་གཞུང་ནས་ཁེ་ཎ་ཌའི་མི་སེར་ལ་བོད་ནང་དམ་བསྒྲགས་རྩ་བ་ནས་མེད་པར་འགྲོ་འོང་གི་རང་དབང་སྤྲོད་དགོས་པ་དང་། དེའི་ཁར་ཁེ་ཎ་ཌའི་སྲིད་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་ཡང་སྲིད་འཁྲུལ་བྲལ་ཡིན་པར་གཞུང་འབྲེལ་ངོས་འཛིན་ཞུ་དགོས་པ་བཅས་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།