ཁེ་ན་ཊའི་གྲོས་ཚོགས་ཀྱིས་བོད་དོན་ཉན་ཞིབ་གནང་འདུག


2018.06.13
ཁེ་ན་ཊའི་གྲོས་ཚོགས་ཀྱིས་བོད་དོན་ཉན་ཞིབ་གནང་སྐབས། ༢༠༡༨།༦།༡༢ ཁེ་ན་ཊའི་གྲོས་ཚོགས་ཀྱིས་བོད་དོན་ཉན་ཞིབ་གནང་སྐབས། ༢༠༡༨།༦།༡༢
Garnett Genuis/FB

ཕྱི་ཟླ་ ༦ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ནས་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་དང་རྒྱལ་སྤྱིའི་འཕེལ་རྒྱས་ལས་དོན་ཚོགས་ཆུང་དུ་བོད་དོན་ཉན་ཞིབ་ཐད་ཚོགས་ཞུགས་གནང་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས་བོད་མིའི་སྐུ་ཚབ་དེ་བོད་ཀྱི་སྐུ་ཚབ་ངོ་མ་དེ་ཡིན་སྐོར་ངོ་སྤྲོད་གནང་ཞིང། ཁོང་གིས་(FreedomHouse)ཞེས་རང་དབང་ཁང་པས་འཛམ་གླིང་ནང་(Syria)འི་རྗེས་སུ་བོད་ནི་རང་དབང་ཞེན་ཤོས་དང་ཉུང་ཤོས་ཡོད་པའི་རྒྱལ་ཁབ་དེ་ཡིན་སྐོར་སྙན་ཐོ་བཏོན་པ་དང་དེ་བཞིན་རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་སྙན་ཐོ་བཏོན་པའི་ནང་བོད་ནང་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་ནི་བྱང་ཀོ་རི་ཡ་ལས་ཁག་པ་ཡོད་པ་གསལ་བཏོན་གནང་སོགས་ལུང་འདྲེན་དང་སྦྲགས། བོད་ནང་གི་ད་ལྟའི་ཛ་དྲག་གི་དཀའ་ངལ་ཁག་ངོ་སྤྲོད་གནང་ཞིང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཁོར་ཡུག་བཏོར་བཤིག་གཏོང་བཞིན་པ་དང་། བོད་མིའི་ཆོས་དང་རིག་གཞུང་སྐད་ཡིག་ཉམས་ཉེས་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་སོགས་གསལ་བཤད་གནང་ཡོད་པར་མ་ཟད།  ཕྱི་ཟླ་བཞི་པའི་ནང་ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་ཆུང་དེ་རང་ནང་བོད་རང་སྐྱོང་ལྗོངས་ནས་བོད་མིའི་སྐུ་ཚབ་ཟེར་བའི་མི་སྣ་ཁག་གཅིག་གིས་བོད་ནང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ལུགས་འགྲེལ་བརྗོད་ཞུས་པ་དེ་དག་ནི་བདེན་པ་མིན་པའི་ཁུངས་སྐྱེལ་དཔེ་མཚོན་དང་སྦྲགས་གསལ་བཏོན་གནང་ཡོད་པ་རེད།  
སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད་པ་དང་རྒྱ་ནག་གཅིག་གི་འདོད་ཚུལ་དང་མི་འགལ་བའི་ཐོག་ནས་བོད་རིགས་ཡོངས་ལ་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་གནང་བཞིན་ཡོད་པ་གསུངས་ཤིང་། སྲིད་ཇུས་དེར་ཨ་རིའི་སྲིད་གཞུང་གིས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་ལྟར། ཁེ་ན་ཌའི་གཞུང་དང་གྲོས་ཚོགས་ནས་ཀྱང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎