ཁེ་ན་དྲའི་སྲིད་བློན་རྒྱ་དཀར་ནག་རྒྱལ་ཁབ་ལ་འཚམས་གཟིཌ།

ཁེ་ན་དྲའི་སྲིད་བློན་མཆོག་ནས་རིང་མིན་རྒྱ་གར་དང་རྒྱ་ནག་གཉིས་སུ་ཚོང་དོན་ཆེད་རྒྱལ་དོན་འཚམས་གཟིགས་གནང་བར་ཕེབས་རྒྱུ་ཡིན་པའི་སྐོར།
2009-10-29
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཁེ་ན་དྲའི་སྲིད་བློན་མཆོག་ནས་རིང་མིན་རྒྱ་གར་དང་རྒྱ་ནག་གཉིས་སུ་ཚོང་དོན་ཆེད་རྒྱལ་དོན་འཚམས་གཟིགས་གནང་བར་ཕེབས་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག

དེ་ཡང་ཁེ་ན་དྲའི་སྲིད་བློན་མཆོག་གིས་ལས་ཁུངས་ནས་གནས་ཚུལ་གསལ་བསྒྲགས་གནང་དོན་ལྟར་ན་སྲིད་བློན་སི་ཊི་ཕེན་ཧའར་པཱར་མཆོག་ནས་ཟླ་བ་རྗེས་མའི་ནང་སཱིང་ག་པོར་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་དཔལ་འབྱོར་མཉམ་སྦྲེལ་གྱི་ལྷན་ཚོགས་གྲུབ་མཚམས་ཚེས་བཅུ་དྲུག་ནས་བཅོ་བརྒྱད་བར་ཉིན་གསུམ་རིང་རྒྱ་གར་རུ་འཚམས་གཟིགས་གནང་རྒྱུ་དང་དེ་ནས་ཟླ་བ་བཅུ་གཉིས་པའི་ཚེས་གཉིས་ནས་དྲུག་བར་རྒྱ་ནག་ཏུ་ཕེབས་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་བྱས་འདུག ཉིས་སྟོང་དྲུག་ལོར་ཁེ་ན་དྲའི་སྲིད་བློན་སི་ཊི་ཕེན་ཧའར་པཱར་ཡིས་སྲིད་བློན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ཁེ་ན་དྲའི་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སྐྱོན་བརྗོད་དང་དེ་བཞིན་ཁེ་ན་དྲའི་ནང་རྒྱ་ནག་གཞུང་གི་སོ་མྱུལ་གྱི་ལས་དོན་སྤེལ་བའི་སྐྱོན་འཛུགས་དང་ལྷག་པར་དུ་སྔ་ལོ་སྲིད་བློན་སི་ཊི་ཕེན་ཧའར་པཱར་མཆོག་ནས་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་ལྷན་དུ་མཇལ་འཕྲད་གནང་བའི་གནད་དོན་སོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་ཕྲན་བུའི་དོ་ཕོག་བྱུང་ཡོད་པ་རེད། ད་རེས་ཁེ་ན་དྲའི་སྲིད་བློན་མཆོག་གི་རིང་མིན་རྒྱ་ནག་ཏུ་འཚམས་གཟིགས་ཕེབས་རྒྱུ་དེ་བཞིན་ཁེ་ན་དྲ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཕྲན་དེ་རྒྱུན་ལྡན་ལྟར་འབྲེལ་བ་བསྐྱར་གསོ་གནང་རྒྱུའི་ལས་དོན་གྱི་ཆ་ཤས་ཡིན་པའི་སྐོར་སྲིད་བློན་མཆོག་གིས་གསར་འགོད་གསལ་བསྒྲགས་ནང་གསུངས་འདུག སྲིད་བློན་སི་ཊི་ཕེན་ཧའར་པཱར་གྱི་མགྲིན་ཚབ་པ་ཌི་མི་ཏྲི་སུ་ཌ་སི་ཡིས་གསུང་ན་ཁེ་ན་དྲ་ཕྱོགས་ནས་རྒྱ་ནག་དང་མཐུན་འབྲེལ་གྱི་སྲིད་ཇུས་འོག་འདས་པའི་ལོ་ལྔའི་རིང་རྒྱ་ནག་ཏུ་ཁེ་ན་དྲའི་བློན་ཆེན་གྱི་རིམ་པའི་མི་སྣས་གཟིགས་སྐོར་ཐེངས་བཅོ་བརྒྱད་ཙམ་གནང་ཡོད་སྐོར་དང་རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་དཔལ་འབྱོར་འཕེལ་རིམ་གྱི་མྱུར་ཚད་མཐོ་ཤོས་ཡིན་པར་ཁེ་ན་དྲས་ངོས་འཛིན་ཞུས་པའི་ཐོག་ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཉེས་ཀྱི་གནས་སྟངས་འདིའི་འོག་རྒྱ་ནག་དང་ཁེ་ན་དྲའི་དབར་གྱི་འབྲེལ་ལམ་ཡང་དེ་བས་གནད་འགག་ཆེ་བ་ཡིན་པའི་སྐོར་གསལ་འདོན་བྱས་ཡོད་པ་རེད། དེ་དང་འདི་བཞིན་ཁེ་ན་དྲའི་སྲིད་བློན་མཆོག་ནས་ཁེ་ན་དྲ་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་ཡང་གལ་འགངས་ཆེན་པོ་ཡིན་པ་མ་ཟད་མ་འོངས་འབྲེལ་ལམ་རྒྱུན་འཁྱོངས་ཐུབ་རྒྱུའི་དམིགས་ས་ཆེན་པོ་ཡོད་པའི་སྐོར་ནན་བརྗོད་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།