ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལཊ་ཀྱིས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་བའི་ཆད་པ་བཅད་འདུག


2019.12.09
ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་འགེལ་བཀའ་ཁྱབ། ༢༠༡༩།༡༢།༩ ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་འགེལ་བཀའ་ཁྱབ། ༢༠༡༩།༡༢།༩
བཀའ་ཁྱབ་ངོ་བཤུས།

ཁ་མཆུ་ཨང་༢༠་པའི་རྩོད་ལན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་བ་དང་སྔ་རྗེས་ཉན་ཞིབ་ལ་བཅར་མེད་པར་བརྟེན་ཁྲིམས་ཞིབ་ཁང་གིས་ཁྲིམས་རྩོད་པའི་ལག་འཁྱེར་ནུས་མེད་བཏང་བ་སོགས་ཀྱི་ཆད་པ་བཅད་འདུག
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བརྒྱུད་བཀའ་ཤག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། ཁོང་ལ་མ་ཉེས་ཁག་གཡོགས་བྱས་ལུགས་ཀྱི་ཁྲིམས་གཏུག་བྱས་བའི་ཁ་མཆུ་ཨང་༢༠་པའི་ཐད། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཉན་ཞིབ་རིམ་པ་བྱས་བ་བརྒྱུད་བཅད་ཁྲ་བཏང་བའི་རྗེས། བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་བཀའ་དྲུང་ཡིག་ཚང་དུ་གསར་འགོད་པར་གཏམ་བཤད་བྱས་བའི་ནང་སྤྱི་མང་ཁྲིམས་ཡིག་དོན་ཚན་༨༥ ༼ཁ༽་ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་པ་འགེལ་མ་དགོས་པའི་རྒྱུ་མཚན་བརྗོད་རྒྱུའི་ཆེད་སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༡༢་སྤྱི་ཚེས་༦་ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་༢།༣༠་ཐོག་ཉན་ཞིབ་བྱ་རྒྱུའི་བརྡ་ཐོ་བཏང་ཡོད་ཀྱང་། བློ་བཟང་གྲགས་པ་ལགས་གོང་གསལ་དུས་བཀག་ཉིན་ཁྲིམས་ཞིབ་ཁང་དུ་ཉན་ཞིབ་ལ་ངོ་བཅར་བྱས་མེད་སྟབས། ཁྲིམས་ཞིབ་ཁང་ནས་ཡང་བསྐྱར་བློ་བཟང་གྲགས་པ་ལགས་ལ་བརྡ་ཐོ་གཉིས་པ་བཏང་སྟེ། ཁྲིམས་ཁང་གི་བརྡ་ཐོ་བརྩི་བཀུར་མ་ཞུས་པའི་རྒྱུ་མཚན་དང་ཆབས་ཅིག སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༡༢་སྤྱི་ཚེས་༩་ཉིན་གྱི་སྔ་དྲོའི་ཕྱག་ཚོད་༡༠། ༣༠་ཐོག་ཉན་ཞིབ་བྱེད་རྒྱུའི་བརྡ་ཐོ་དེ་བཞིན་ཁྲིམས་ཞིབ་ཁང་གི་དྲུང་གཞོན་དང་དྲུང་ལས་གཉིས་ཆེད་གཏོང་གིས། དོ་བདག་ངོ་མར་བརྡ་ཐོ་གདོང་སྤྲད་ཀྱིས་འབྱོར་ལན་མིང་རྟགས་བླངས་ཡོད་ཀྱང་། ཁྲིམས་རྩོད་པ་བློ་བཟང་གྲགས་པ་གོང་གསལ་དུས་བཀག་ལྟར་ཁྲིམས་ཁང་དུ་ཉན་ཞིབ་ལ་ངོ་བཅར་ཞུས་མེད་པར་བརྟེན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་༢༠༡༩་ལོའི་ཟླ་༡༢་བའི་ཚེས་༩་ཉིན། ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་པ་བཅད་པའི་བཀའ་ཁྱབ་བཏང་འདུག
ཤོག་ངོས་༧་ཡོད་པའི་ཆད་འགེལ་བཀའ་ཁྱབ་ནང་། བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཁས་ལེན་དམ་འབུལ་དུ། ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་། བཀའ་རྩ། བཀའ་ཁྱབ་བཅས་ཇི་གནང་ལ་བརྩི་བཀུར་ཞུ་རྒྱུ་ཡིན་ཞེས་བློ་བཟང་གྲགས་པས་རང་ཉིད་ཀྱིས་ཁས་ལེན་མིང་རྟགས་བཀོད་པ་དེར་རྒྱབ་འགལ་དང་། ཁྲིམས་རྩོད་པའི་ཆེད་ལས་བཟང་སྤྱོད་དོར་ཏེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་བྱས་པའི་བཅད་ཁྲ་ལ་དྲང་བདེན་བྱས་མེད་ལུགས་དང་། རྒྱུ་འབྲས་དཔང་ལ་བཙུགས་མེད་ལུགས། ད་དུང་དཔེ་མཚོན་འཇིགས་སུ་རུང་བ་བཀོད་དེ་གཞི་རྩ་མེད་པའི་སྒྲོ་སྐུར་ངན་དམོད་བྱས་བ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་ལ་དོ་ཕོག་གནོད་སྐྱོན་བཏང་སྟེ། ཡ་ང་བག་ཚ་མེད་པར་སྤྱི་ཚོགས་ནང་དཀྲོགས་རྐྱེན་སློང་གཞིར་འགྲེམས་སྒྲོགས་བྱས་པ་བཅས་ཀྱི་ནོར་འཁྲུལ་དེ་རིགས་ཡན་པོར་འཇོག་ཐབས་མེད་ཚུལ་བཀོད་འདུག
ད་དུང་བཀའ་ཁྱབ་ནང་། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་ཁྲིམས་རྩོད་པའི་ཆེད་ལས་བཟང་སྤྱོད་བོར་བ་དང་། ཁྲིམས་རྩོད་པའི་བླང་དོར་ཞུ་སྒོར་རྒྱབ་འགལ་བྱས་པའི་བཅོས་གསོར། ཆེས་མཐོ་ཁྲིམས་ཞིབ་ཁང་ནས་སྤྲད་པའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལག་ཁྱེར་ནུས་མེད་དུ་བཏང་སྟེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཁང་གང་དུའང་ཁྲིམས་རྩོད་པའི་འགན་ལེན་མི་ཆོག་པའི་ཆད་འགེལ་ཐག་གཅོད་བྱས་པ་དང་། རྩོད་ལན་པའི་ཁྲིམས་རྩོད་པ་བློ་བཟང་གྲགས་པས་སྒལ་རལ་བཙོང་ནས་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཚབས་ཆེན་བྱས་བའི་བཅོས་གསོར། བློ་བཟང་གྲགས་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་མཁན་ཡིན་པའི་གསལ་བསྒྲགས་བྱས་བ་དང་། གོང་ཞུས་བཀའ་ཁྱབ་བཏང་ཚེས་ནས་ཉིན་གྲངས་བཅོ་ལྔ་ནང་ཚུན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་གཙོ་དང་། ༧རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེར་བཤགས་སྡོམ་མཇལ་དར་དང་། བརྒྱ་མཆོད་འབུལ་དགོས་པའི་ཆད་པ་བཅད་འདུག
འདི་ག་རླུང་འཕྲིན་ཁང་གིས་གོང་གསལ་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག རྩོད་ལན་པ་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་སུ་ཁ་པར་བརྒྱུད་འབྲེལ་བ་ཞུས་ཀྱང་འབྲེལ་མཐུད་བྱས་ཐུབ་མེད་པར་བརྟེན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ལས་ཁུངས་སམ་ཁྲིམས་རྩོད་པའི་ལས་ཀ་བྱ་ཡུལ་དུ། འདི་གའི་གསར་འགོད་པ་དངོས་སུ་བཅར་ཏེ་འབྲེལ་བ་ཞུས་ཐབས་བྱས་ཀྱང་། ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ལས་ཁུངས་ལ་བཞུགས་མེད་པ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ལས་བྱེད་ཤིག་གིས་འགྲེལ་བརྗོད་གནང་སོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎