བཀའ་ཤག་གིས་ཞུ་སྦྱོར་བར་དགོངས་སེལ་ཞུ་དགོས་བའི་བཅད་ཁྲ་བཏང་འདུག

2019-10-14
གློག་འཕྲིན།
མཆན།
Share
པར་བཀོད།
ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་༢༠་པའི་ཐད་ཉན་ཞིབ་སྐབས། ༢༠༡༩།༦།༡༧
ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁ་མཆུ་ཨང་༢༠་པའི་ཐད་ཉན་ཞིབ་སྐབས། ༢༠༡༩།༦།༡༧
ཆེས་མཐོའི་ཁྲིམས་ཞིབ་ཁང་།

བཀའ་ཤག་གིས་ཞུ་སྦྱོར་བར་དགོངས་སེལ་ཞུ་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ཉི་ཤུ་བའི་མཐའ་མའི་བཅད་ཁྲ་བཏང་གནང་འདུག
ཕྱི་ལོ་༢༠༡༩་ཟླ་༡༠་ཚེས་༡༤་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་༢༠་མ་ཉེས་ཁག་གཡོགས་གི་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་གསལ་བསྒྲགས་གནང་ཡོད་པ་དང་། བཅད་ཁྲའི་ནང་བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བར་སོང་། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་དང་། དགོངས་སེལ་ཞུ་ཡིག་དེ་བཞིན་དབྱིན་བོད་སྐད་ཡིག་གཉིས་ཀའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་གསལ་བསྒྲགས་བྱས་ཏེ། དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས་པ་དང་། བཀའ་ཤག་གིས་ཞུ་སྦྱོར་བའི་ཁྲིམས་རྩོད་པའི་གླ་ཡོན་ཧིན་སྒོར་༩༨༠༠༠་ཕྱི་ལོ་༢༠༡༩་ལོའི་ཟླ་༡༡་པའི་ཚེས་༡༥་ནང་ཚུན་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་འབུལ་དགོས་པ། བོད་རིགས་ནང་ཁུལ་ཆིག་སྒྲིལ་དམ་གཙང་ཡོང་བའི་ཐབས་ཚུལ་ལ་གྱོད་ཡ་ཕྱོགས་གཉིས་ནས་འབད་པ་ལྷུར་ལེན་དགོས་པ་བཅས་ཀྱི་བཅད་ཁྲ་བཏང་བ་དང་། ཉིན་གྲངས་༣༠་ནང་ཚུན་དུ་བཅད་ཁྲའི་འབྲུ་དོན་ཁག་གྱོད་ཡ་ཕྱོགས་གཉིས་ནས་ལག་བསྟར་ཟིན་པ་དགོས་པའི་བཀའ་ཁྱབ་བཏང་གནང་འདུག
བཅད་ཁྲ་བཏང་རྗེས་གསར་འགོད་པ་ཚོས་གྱོད་ཡ་ཕྱོགས་གཉིས་ཀྱི་ཁྲིམས་རྩོད་པ་དང་ཞུ་སྦྱོར་བར་བཅར་འདྲི་ཞུས་སྐབས། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས། ད་ཐེངས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ཉི་ཤུ་བའི་ཐད་བཅད་ཁྲ་བཏང་བ་ལྟར། ང་ཚོར་ཁྲིམས་ཀྱི་རྒྱལ་ཁ་ཐོབ་པ་རེད། ནམ་རྒྱུན་གནས་སྟངས་འདི་འདྲ་བྱུང་སྐབས་དགའ་ཚོར་ཡོང་དགོས་པ་ཞིག་ཡིན་ཡང་ད་ཐེངས་ཁ་གཏད་དེ་བཀའ་ཤག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་ཕམ་ཉེས་བྱུང་བ་ཡིན་དུས་ང་ཚོར་དགའ་ཚོར་སྐྱེས་དགོས་བའི་གནས་སྟངས་རྩ་བ་ནས་ཆགས་མེད་པ་གསུངས་ཡོད།
བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས། ད་ཐེངས་ཀྱི་བཅད་ཁྲ་དེས་འདོད་པ་ཁེངས་མ་སོང་། རྒྱུ་མཚན་ཐོག་མ་ཉིད་ནས་འཛིན་སྐྱོང་བཀའ་ཤག་དང་རྩོད་ལན་པ་ལ་ཡོད་པའི་དཔང་རྟགས་དང་། གསང་གནས་མང་པོ་ཞིག་རྩིས་མེད་བཏང་བར་བརྟེན་ད་རེས་ཀྱི་ཐག་གཅོད་དེས་ང་རང་ངོས་ནས་འདོད་པ་ཁེངས་མ་སོང་ཅེས་གསུངས་ཡོད།
ཡང་ཞུ་སྦྱོར་བའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས། ད་ཐེངས་ཁ་མཆུ་ཨང་ཉི་ཤུ་བའི་ཞུ་གཏུག་དེ་དགའ་དྲག་ནས་ཞུ་གཏུག་བྱས་བ་མ་ཡིན་པར་ཨུ་ཐུག་ནས། དྲང་བདེན་གྱི་ཆེད་དུ་བདེ་སྡུག་ཞུ་ཆེད་ཁྲིམས་ཞིབ་ཁང་གི་སྒོ་རྡུང་བ་ཞིག་རེད་འདུག དེ་ཡིན་དུས་ད་རེས་ཀྱི་རྒྱལ་ཁ་དེ་མང་གཙོའི་རྒྱལ་ཁ་རེད། ཁྲིམས་ཀྱི་དབང་བསྒྱུར་གྱི་རྒྱལ་ཁ་རེད། དྲང་བདེན་གྱི་རྒྱལ་ཁ་རེད་ཅེས་གསུངས་འདུག
ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ཉི་ཤུ་པའི་ཐད་བཅད་ཁྲ་བཏང་རྗེས། འཛིན་སྐྱོང་བཀའ་ཤག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། སྲིད་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས། ཁ་མཆུ་ཨང་ཉི་ཤུ་བའི་ཐད་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དུས་ཡུན་རིང་པོར་ཞིབ་འཇུག་སྔ་རྗེས་གནང་ནས་ད་རེས་མཐའ་མའི་ཐག་གཅོད་ཀྱི་བཅད་ཁྲ་བཏང་བ་རེད། བཀའ་ཤག་ངོས་ནས་ཐག་གཅོད་དེ་ཚོ་ལས་རྒྱུ་འབྲས་དང་ལྡན་པར་ཡོང་རྒྱུའི་རེ་བ་བྱས་བ་གཞིར་བཟུང་ཕལ་ཆེར་སླེབས་ཐུབ་མི་འདུག རེད་དེ། ཁྲིམས་ཞིབ་ཁང་ནས་ཐག་གཅོད་གནང་ཚར་བ་ཞིག་ཡིན་དུས། ང་ཚོས་དེ་བསྐྱར་དུ་གོང་ཞུ་བྱ་རྒྱུ་དེ་འདྲའི་བརྒྱུད་རིམ་ཧ་ལམ་མེད་བསྡད་པ་གསལ་བོ་རེད་ཅེས་དང་། ད་ཐེངས་ཁྲིམས་ཁང་གིས་ཐག་བཅད་པའི་ལེའུ་དེ་འགྲུབ་པ་རེད། དེ་འདྲ་ཡིན་དུས་ཚང་མས་སྤྱི་ཚོགས་ནང་ལ་ཕུ་དཀྲུག་མདའ་དཀྲུག་དང་ཟ་ངེ་ཟིང་ངེ་རྩ་བ་ཉིད་ནས་མེད་པར་ལྷིང་འཇགས་ཐོག་ལ་གནས་རྒྱུར་དགོངས་པ་བཞེས་དགོས་སྐོར་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།