རྒྱ་ནག་གཞུང་གིས་མགོ་ལོག་མི་མང་ལ་ལོ་རྒྱུས་ཀྱི་རྨ་ཁ་བཞག་སྟེ་མགོ་ལོག་ཁུལ་ཟེར་བ་བཙན་ཐབས་ཀྱིས་བཙུགས་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

2024.08.13
རྒྱ་ནག་གཞུང་གིས་མགོ་ལོག་མི་མང་ལ་ལོ་རྒྱུས་ཀྱི་རྨ་ཁ་བཞག་སྟེ་མགོ་ལོག་ཁུལ་ཟེར་བ་བཙན་ཐབས་ཀྱིས་བཙུགས་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག མགོ་ལོག་ཁུལ་ཟེར་བའི་ཁུལ་སྟོན་སྐབས། ༠༨།༠༣།༢༠༢༤
Photo: Chinese State Media

ཕྱི་ལོ་༢༠༢༤་ལོའི་ཕྱི་ཟླ་༨ཚེས་༣་ཉིན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་༧༠འཁོར་བའི་ཁུལ་སྟོན་ཚུགས་ཡོད་པ་དང་། མགོ་ལོག་གི་རྨ་ཆེན་རྫོང་གཙོས་རྫོང་དང་ས་གནས་ཁག་མང་དག་ཅིག་ཏུ་རྟེན་འབྲེལ་མཛད་སྒོ་ཞེས། རིག་རྩལ་འཁྲབ་སྟོན་དང་རྟ་རྒྱུག་འགྲན་བསྡུར་གཙོས་ལོ་ངོ་༧༠རིང་མགོ་ལོག་ཁུལ་ལ་དཔལ་འབྱོར་དང་རིག་གནས་སོགས་ཡར་རྒྱས་བྱུང་ཡོད་སྐོར་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་རེད། དེའི་ཐད་སི་པན་དུ་གནས་སྡོད་བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་དང་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས། ཕྱི་ལོ་༡༩༥༤ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་དམག་མགོ་ལོག་ཁུལ་དུ་ཡོང་འགོ་ཚུགས་ཏེ། ཕྱི་ལོ་༡༩༥༨ལོ་ནས་༡༩༦༠བར་མགོ་ལོག་ཁུལ་དུ་དགོན་པ་གཏོར་བཤིག་དང་། མི་མང་ལ་ཟ་ཆས་མེད་པའི་དཀའ་ངལ་འཕྲད་པ། མི་མང་གིས་རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་བྱས་རྐྱེན། རྒྱ་ནག་གཞུང་གིས་མགོ་ལོག་ས་ཁུལ་དུ་ཟིང་འཁྲུག་ཞོད་འཇགས་སོགས་ཀྱི་མིང་ཐོག་ནས་དྲག་གནོན་དམར་གསོད་སོགས། མགོ་ལོག་མི་མང་ལ་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་རྨ་ཁ་ཞིག་བཞག་སྟེ། མགོ་ལོག་ཁུལ་ཞེས་པ་བཙན་ཐབས་ཀྱིས་བཙུགས་ཡོད་པ་ངོས་འཛིན་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་ངོས་ནས་ཐེངས་འདིར་མགོ་ལོག་ཁུལ་གྱི་རྟེན་འབྲེལ་མཛད་སྒོ་དང་འབྲེལ། ལོ་ངོ་༧༠རིང་མགོ་ལོག་ཁུལ་གྱི་ཏང་དང་སྲིད་གཞུང་། མི་མང་གི་འབད་བརྩོན་བཅས་པར་བརྟེན་ནས་མགོ་ལོག་ནི་གནམ་ས་བླ་འོག་བརྗེས་པ་ལྟ་བུ་བྱུང་བ་དང་། ཕྱི་ལོ་༢༠༢༣་ལོའི་མགོ་ལོག་ཁུལ་ཡོངས་ཀྱི་དཔལ་འབྱོར་ཐོན་སྐྱེད་འཕར་ཚད་རྒྱ་སྒོར་དུང་ཕྱུར་༦༧.༢ལ་འཕར་ཞིང་། ཞིང་ཕྱུགས་ལས་དང་ནགས་ལས་ཉ་ལས་ཀྱི་སྤྱིའི་ཐོན་འབོར་རྒྱ་སྒོར་དུང་ཕྱུར་༡༢.༡༢ལ་སླེབས་པས། ཕྱི་ལོ་༡༩༥༢ལོའི་ལོའི་ཐོན་སྐྱེད་འཕར་ཚད་རྒྱ་སྒོར་ཁྲི་༣༠༧༢ ནས་ལྡབ་༣༨. ༤༥ འཕར་པ། མགོ་ལོག་ཁུལ་གྱི་རྫོང་༦དབུལ་ཞྭ་ཕུད་པ་དང་སྡེ་བ་༧༤ དབུལ་ཕོངས་ལས་གྲོལ་བ། མི་གྲངས་༤༧༢༦༢དབུལ་ཕོངས་ནས་ཐར་ཡོད་པ་སོགས་བསྒྲགས་འདུག་ན་ཡང་། བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཟུར་པ་དང་མགོ་ལོག་གི་ལོ་རྒྱུས་རྩོམ་སྒྲིག་པ་དམ་ཆོས་དཔལ་བཟང་ལགས་ནས། རྒྱ་ནག་དམར་ཤོག་ཚོགས་པ་མགོ་ལོག་ཏུ་ཡོང་བ་ནས་བཟུང་དཔལ་འབྱོར་ཡར་རྒྱས་སྐྱོ་རུ་དང་མི་མང་གི་འབྱོར་ཕྱུག་ཇེ་ཞེན་ཏུ་ཕྱིན་པ་ལས་ཡར་རྒྱས་རྩ་ནས་ཕྱིན་མེད་པ་དང་། མགོ་ལོག་ས་ཁུལ་དེ་བརྒྱ་ཆ་༩༥ལྷག་འབྲོག་ལས་རྐྱང་གཉེར་མཁན་ཡིན་པས། མགོ་ལོག་གི་ཡར་རྒྱས་འགྲོ་མིན་དེ་ཕྱུག་ཟོག་གི་འཕེལ་ཁ་ལ་རག་ལས་ཡོད་ན་ཡང་། ཕྱི་ལོ་༢༠༡༠་ནས་༢༠༢༠བར་རྩྭ་ས་བཙན་འཕྲོག་དང་། སྒོ་ཕྱུག་ཚོད་འཛིན་སོགས་ཀྱི་ལས་འཆར་འདྲ་མིན་འོག་མགོ་ལོག་ས་ཁུལ་གྱི་འབྲོག་པ་ཚོའི་སྒོ་ཕྱུགས་སེམས་ཅན་གྲངས་ཁྲི་༩༠༠ལྷག་ཇེ་ཉུང་དུ་ཕྱིན་ཡོད་པས། མགོ་ལོག་ས་ཁུལ་གྱི་བོད་རིགས་ཚོའི་འབྱོར་ཕྱུག་ཉམས་ཞན་ལས་ཡར་རྒྱས་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
ཡང་ཕྱི་ཟླ་༨ཚེས་༤ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟེར་བ་བཅས་ནས། མགོ་ལོག་ཁུལ་བཙུགས་ཏེ་ལོ་འཁོར་༧༠ལོན་པར་རྟེན་འབྲེལ་ཞུ་བའི་ཡི་གེ་ཞིག་བཏང་བའི་ནང་། མགོ་ལོག་ཁུལ་དུ་ལོ་ངོ་ ༧༠ རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་ལག་ལེན་ལེགས་འགྲུབ་བྱུང་ཚུལ་མཚོན་སྐོར་དང་། ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་དང་གནད་ལ་འཁེལ་བའི་སྒོ་ནས་ལག་ལེན་མཐར་ཕྱིན་པ་བྱས་ཏེ། རྒྱ་ནག་གཅིག་གྱུར་གྱི་མཐུན་སྒྲིལ་ལ་འབད་བརྩོན་དགོས་པ་སོགས་བརྗོད་ཡོད་པ་དང་། ཡང་དམ་ཆོས་དཔལ་བཟང་ལགས་ཀྱིས། རྒྱ་ནག་གཞུང་གིས་ལོ་ངོ་༧༠་རིང་ཡར་རྒྱས་དང་ཡག་པོ་བྱུང་ཡོད་པའི་དྲིལ་བསྒྲགས་ག་ཚོད་བྱས་ཀྱང་། དོན་དངོས་སུ་འདི་ལོ་མགོ་ལོག་ཏུ་ཡོད་པའི་རྭ་རྒྱ་འཇིགས་མེད་རྒྱལ་མཚན་སློབ་གྲྭ་བཙན་ཐབས་ཀྱིས་སྒོ་བརྒྱབ་པ་དང་། མགོ་ལོག་ཁུལ་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་མི་མང་གི་རེ་འདུན་དང་དགའ་མོས་ཡོད་པའི་སྒེར་གཉེར་སློབ་གྲྭ་ཚང་མ་སྒོ་བརྒྱབས་ཏེ། ལོ་ངོ་༧༠རིང་བོད་རིགས་རྒྱ་སྒྱུར་གྱི་སྲིད་བྱུས་ཁོ་ན་ལག་བསྟར་ལས་བོད་མི་རིགས་ཀྱི་རིག་གཞུང་སྐད་ཡིག་གཙོས། བོད་མི་རིགས་ཀྱི་སེམས་ཁམས་ལ་ཕན་པའི་ལག་དོན་གང་ཡང་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་གི་འདུག
སྤྱིར་རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར་བོད་ནང་དུ་བཅད་བགོས་བྱས་པའི་ས་ཁུལ་མང་དག་ཅིག་ཏུ། ཁུལ་དང་རྫོང་རིམ་པ་སོགས་ལོ་འཁོར་ཅིག་འཁོར་ཡོད་པའི་དྲིལ་བསྒྲགས་དང་འབྲེལ། མི་མང་ལ་ཡར་རྒྱས་ཕྱིན་ཡོད་པ་དམར་ཤོག་ཚོགས་པའི་ཡར་རྒྱས་བཏང་སྐོར་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། སྔར་ལོ་ཀན་ལྷོ་དང་། རྨ་ལྷོ་ཁུལ་སོགས་འཛུགས་ནས་ལོ་འཁོར་༧༠་ལོན་པའི་མཛད་སྒོ་སྣ་ཚོགས་འཚོགས་བཅུག་སྟེ་དྲིལ་བསྒྲགས་སྣ་ཚོགས་བྱས་ཡོད་པ་དང་། འདི་ལོ་མགོ་ལོག་གི་ཁུལ་སྟོན་དང་འབྲེལ་རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་ཐོག་མར་འཛུགས་སྐབས་མི་འབོར་ཁྲི་༥.༥ལས་མེད་ན་ཡང་། ལོ་ངོ་༧༠ཡི་རིང་ལ་མི་འབོར་ཁྲི་༢༢.༢འཕར་ཡོད་སྐོར་བསྒྲགས་བཞིན་ཡོད་ན་ཡང་། ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་དང་བོད་གནས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་རྒྱ་ནག་གཞུང་གིས་དེ་སྔ་བོད་ནང་ཐོག་མར་ཡོང་སྐབས་བོད་མི་མང་པོ་དམར་གསོད་བཏང་སྟེ། ནང་མི་ཉེ་འབྲེལ་སོགས་ལ་དགའ་བསུ་བྱེད་བཅུག་པ་བཞིན། དེང་སྐབས་དེ་ལས་མ་འདས་པར་བོད་མི་ཚོར་འདོད་མོས་ཡོད་མེད་ལ་བལྟོས་མེད་ཀྱིས་ཁུལ་དང་རྫོང་སོགས་བཙུགས་པར་བཙན་ཐབས་ཀྱིས་དགའ་བསུ་བྱེད་བཅུག་པ་དང་། ཡར་རྒྱས་སུ་ཕྱིན་མེད་ཀྱང་བཙན་ཐབས་ཀྱིས་ལས་འགུལ་འདྲ་མིན་འོག་དྲིལ་བསྒྲགས་དང་དགའ་བསུ་ཡོད་པ་སྟོན་ཐབས་བྱེད་བཞིན་ཡོད་སྐོར་བསམ་ཚུལ་དང་བཅས་འགྲེལ་བརྗོད་གནང་བྱུང་།
སྤྱིར་ད་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་ཁུལ་དང་རྫོང་མང་པོ་ཞིག་ཏུ་དྲིལ་བསྒྲགས་རང་བཞིན་གྱི་བྱ་འགུལ་འདྲ་མིན་འོག་ཁུལ་སྟོན་དང་རྫོང་སྟོན་སོགས་ཚུགས་བཞིན་པ་རེད།


གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎