མཛད་སྒོ་གྲ་སྒྲིག་དང་མཉམ་བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་འདུག

2021-08-17
Share
མཛད་སྒོ་གྲ་སྒྲིག་དང་མཉམ་བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་འདུག ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་། ༨།༡༧།༢༠༢༡
བོད་འབྱོར།/RFA

བོད་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་༧༠་འཁོར་པའི་ཚོགས་ཆེན་གྱི་དུས་ཚོད་གསལ་བསྒྲགས་བྱས་འདུག་ལ་གཟའ་འཁོར་འདིའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་འདུག
དེ་སྔ་༡༩༥༡་ལོར་རྒྱ་ནག་དམར་པོའི་དཔུང་དམག་བོད་ནང་བཙན་འཛུལ་གྱིས་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་ངོ་༧༠་འཁོར་བའི་དུས་དྲན་ཞིག་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཕྱི་ཟླ་༨་ཚེས་༡༩་ཉིན་ཆེས་གསང་རྒྱ་དམ་པོའི་ཐོག་ནས་སྲུང་བརྩི་བྱེད་རྒྱུ་ཡིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འདྲ་པར་ཁག་ཅིག་ལག་ཐོབ་བྱུང་བར་གཞིགས་ན། ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་མཛད་སྒོའི་སྡིངས་ཆ་བསྐྲུན་པ་དང་། མཐའ་སྐོར་དུ་རྒྱ་ནག་གི་དཔོན་རིགས་རིམ་པའི་འདྲ་པར་དང་ད་ལྟའི་དབང་འཛིན་པ་ཞི་ཅིན་ཕིང་གི་འདྲ་པར་བཤམས་པ། དེ་བཞིན་གཞུང་ཕྱོགས་ཀྱི་ཆབ་སྲིད་དྲིལ་བསྒྲགས་བཀོད་པའི་བྱང་བུ་དམར་པོ་བཟོས་པ་སོགས་མཐོང་རྒྱུ་འདུག

lhasa ccp (1).JPG
དེ་བཞིན་ད་རེས་ཚེས་༡༧་ཉིན་ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ཟེར་བས་བརྡ་ཁྱབ་ཅིག་བཏང་འདུག་པ་དེའི་ནང་། བོད་ཞི་བའི་བཅིངས་གྲོལ་བཏང་བ་ཟེར་བའི་རྟེན་འབྲེལ་ཚོགས་ཆེན་འདི་ཚེས་༡༩་ཉིན་ཚོགས་ཀྱི་ཡོད་པ་དང་། ཉིན་དེར་ལྷ་ས་གྲོང་ཁྱེར་གྱི་ནང་ཐོ་རེངས་ཆུ་ཚོད་བཞི་པ་ནས་དེ་ཉིན་བྱེད་སྒོ་མཇུག་མ་སྒྲིལ་བར་ལྷ་སའི་ནང་གི་འགྲོ་ལམ་མང་པོ་ཞིག་བཀག་འདོམས་བྱ་རྒྱུ་མ་ཟད། མོ་ཊའི་རིགས་མ་ཟད་རྐང་ཐང་འགྲོ་མཁན་སོགས་ཀྱང་བཀག་འདོམས་བྱ་རྒྱུ་རེད་འདུག
རྒྱ་ནག་གཞུང་གིས་བོད་ལ་དྲག་པོའི་བཙན་འཛུལ་བྱས་ཏེ་ལོ་ངོ་༧༠་འགྲོ་ཡི་ཡོད་ན་ཡང་བོད་མིའི་སེམས་པ་བཀུག་ཐུབ་མེད་སྟབས། བོད་ཐོག་རྒྱ་ནག་གི་དབང་བསྒྱུར་དེ་ལུགས་མཐུན་ཅན་ཞིག་བཟོ་རྒྱུའི་ཆེད་རྒྱ་ནག་གཞུང་གི་མགྲིན་པར་གྱུར་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ལོ་རྒྱུས་ལ་རྫུན་བཟོ་དང་འདས་པའི་ལོ་ངོ་༧༠་རིང་བོད་ལ་གཏོར་བཤིག་དང་བོད་མིར་འཕྲད་པའི་དཀའ་ངལ། བོད་མི་རིགས་རྩ་མེད་བཟོ་བཞིན་པ་སོགས་གང་ཡང་མ་གླེང་པར་ཆབ་སྲིད་དྲིལ་བསྒྲགས་ཀྱི་དམིགས་ཡུལ་ལྡན་པའི་དྲིལ་བསྒྲགས་བྱེད་བཞིན་པ་དེ་དག་ལ་སུན་སྣང་ཡོང་གི་ཡོད་པ་ལྷ་སའི་གྲོང་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ལྷ་སར་བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་ངོ་བདུན་འཁོར་བའི་དུས་དྲན་གྱི་མཛད་སྒོ་དེ་དག་ཐད་ཀར་འབྲེལ་བ་ཡོད་མེད་བརྗོད་དཀའ་ཡང་། ཚེས་༡༨་དང་ཚེས་༡༩་ཉིན་གཉིས་རིང་ཕོ་བྲང་པོ་ཏཱ་ལ་གཟིམ་སྒོ་རྒྱག་རྒྱུའི་བརྡ་ཐོ་བཏང་ཡོད་འདུག་ལ། དེ་བཞིན་རྒྱལ་ས་ལྷ་སར་སྐྱོད་མཁན་གྱི་རི་ལི་ཁག་ཅིག་ཀྱང་ཉུང་རུ་བཏང་ཡོད་འདུག

lhasa ccp (3).JPG

དེ་བཞིན་ཚེས་༡༧་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་གིས་ལོ་༧༠་འཁོར་བའི་མཛད་སྒོའི་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་ཚོགས་པ་དང་། མཛད་སྒོའི་རིང་ནད་ཡམས་སྔོན་འགོག་གི་ལས་དོན་གལ་ཆེར་བཞག་ནས་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་ཚོགས་པས་བྱེད་སྒོ་ཁག་ནང་མཉམ་ཞུགས་བྱ་རྒྱུར་འགོག་རྐྱེན་མ་འཕྲད་པ་བྱ་རྒྱུ་ཡིན་པ་ཡང་བརྗོད་འདུག
བོད་ནས་གནས་ཚུལ་འབྱུང་ཁུངས་ཤིག་གིས་བརྗོད་ན། ཕྱི་ཚེས་༡༩་ཉིན་ལྷ་སར་ཚོགས་རྒྱུའི་མཛད་སྒོ་དེའི་ཐོག་རྒྱ་ནག་གི་སྲིད་འཛིན་གཞོན་པ་གཙོས་པེ་ཅིང་ནས་གནད་ཡོད་དཔོན་རིགས་ཁག་ཅིག་ཀྱང་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་ལྡན་བློ་གྲོས།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།