བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་པའི་དཔོན་རིགས་ཀྱི་གྲངས་འབོར་ཉུང་དུ་གཏོང་བཞིན་འདུག

2023.01.12
བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་པའི་དཔོན་རིགས་ཀྱི་གྲངས་འབོར་ཉུང་དུ་གཏོང་བཞིན་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུའི་གཙོ་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་དྲུང་ཆེ་སོགས་ཀྱི་མིང་།
Chinese State Media

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ས་གནས་ཀྱི་ཆབ་སྲིད་གྲོས་ཚོགས་དང་མི་དམངས་འཐུས་མི་ཚོགས་ཆེན་གཉིས་ཚོགས་གཏན་འཁེལ་བ་བཞིན་ཚེས་༡༢ཉིན་སྲིད་གྲོས་ཀྱི་ཚོགས་འདུ་འགོ་བཙུགས་བྱས་ཡོད་འདུག་ལ། མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་འཛིན་མི་སྣ་མང་ཆེ་བ་རྒྱ་མི་རིགས་བསྐོ་བཞག་བྱས་ཡོད་པ་དང་། ཚོགས་འདུ་གཉིས་ཀྱི་ཐོག་མཉམ་ཞུགས་བྱེད་མཁན་དམར་ཤོག་ཚོགས་མི་ཡིན་པའི་འཐུས་མི་རྣམས་ལ་གུང་ཁྲན་དམར་ཤོག་གི་འགོ་ཁྲིད་ལ་ཤུགས་སྣོན་དགོས་པ་ནན་བརྗོད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཆེན་པོ་ཡོད་ཚུལ་སྒྲོག་བཞིན་ཡོད་ཅིང་། ཚེས་༡༢ཉིན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་གཙོ་འཛིན་སོགས་ཀྱི་མིང་གཞུང་གསལ་བསྒྲགས་བྱས་པའི་ཁོངས་སུ་མང་ཆེ་བ་རྒྱ་མི་རིགས་ཡིན་འདུག དཔེར་ན། དེའི་ནང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གཙོ་འཛིན་ཚོགས་པའི་རྒྱུན་ལས་གཙོ་འཛིན་གྱི་མིང་གཞུང་ནང་རྒྱ་མི་༡༤དང་བོད་པ་དགུ་ལས་མེད་པ་རེད།
རྒྱ་ནག་གཞུང་འབྲེལ་གྱི་ཡིག་ཆའི་ནང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གཙོ་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་དྲུང་ཆེ་བཅས་ཁྱོན་མི་གྲངས་༡༠༥བསྐོ་བཞག་བྱས་པའི་ཁོངས་སུ་མང་ཆེ་བ་རྒྱ་མི་རིགས་ཡིན་པའི་ཐོག་དྲུང་ཆེ་གཞོན་པ་ལྔ་ཡོད་པ་ཚང་མ་རྒྱ་མི་རིགས་རེད་འདུག
ཚེས་༡༣ཉིན་ནས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་འདི་སྐོང་འཚོགས་བྱེད་ཀྱི་ཡོད་འདུག་ལ། འཐུས་མིའི་ཁོངས་སུ་ཡང་དེ་སྔོན་དང་མི་འདྲ་བར་རྒྱ་མི་རིགས་ཀྱི་འཐུས་མི་མང་རུ་ཕྱིན་ཡོད་པ་དང་། ད་རེས་ཀྱི་མི་དམངས་འཐུས་ཚོགས་ནང་ཁྱོན་འཐུས་མི་༤༣༧ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་ཡིག་ཆའི་ནང་གསལ་འདུག

tar meeting.jpg
གཞན་ཡང་ཚེས་༡༡ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཚོགས་འདུ་གཉིས་ལ་མཉམ་ཞུགས་བྱེད་མཁན་འཐུས་མི་རྣམས་ལ་་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གིས། དམར་ཤོག་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱབ་པ་དང་བསམ་བློ་གཅིག་གྱུར་བཟོ་དགོས་པ། ཆོས་ལུགས་ལས་དོན་དང་མཐའ་མཚམས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱབ་པ་སོགས་ཀྱི་ཐོག་ནས་བོད་ལ་རྒྱུན་རིང་བརྟན་ལྷིང་ཡོང་ཐབས་བྱ་དགོས་པ་ནན་བརྗོད་བྱས་འདུག
འདི་ལོ་ཟླ་བ་བརྒྱད་པ་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཏོག་དབྱིབས་འགོས་ནད་ཁྱབ་གདལ་ཕྱིན་པའི་ཁྲོད་ནས་མང་ཚོགས་ལ་གང་ཅིའི་དཀའ་ངལ་ཆེན་པོ་འཕྲད་ཡོད་ལ། ལྷག་པར་དུ་གཞུང་ཕྱོགས་ནས་ནད་ཡམས་ཀྱི་བཀག་སྡོམ་ཁག་མེད་པ་བཟོས་པའི་རྗེས་མདོ་དབུས་ཁམས་གསུམ་གྱི་ནང་བོད་མི་ཧ་ཅང་མང་པོ་འདས་གྲོངས་སུ་འགྲོ་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་ཡུལ་སྐོར་བ་འགུགས་ཆེད་ཕོ་བྲང་པོ་ཏཱ་ལ་ཚུད་པའི་དགོན་སྡེ་དང་ཡུལ་སྐོར་ས་ཁུལ་མང་པོར་དགུན་ཁའི་རིང་རིན་མེད་བཟོས་པའི་དྲིལ་བསྒྲགས་བྱས་པ་ཙམ་ལས། སྨན་བཅོས་ཀྱི་མཐུན་རྐྱེན་བཟང་དུ་གཏོང་རྒྱུ་ཚུད་པའི་མང་ཚོགས་ཀྱི་བདེ་སྡུག་དཀའ་ངལ་སེལ་རྒྱུའི་ལས་དོན་ཐད་ཤུགས་སྣོན་དེ་ཙམ་རྒྱབ་ཀྱི་མེད་པར་བོད་ནང་ནས་ལྷ་སའི་ཁུལ་དུ་གནས་སྡོད་བོད་མི་ཁག་ཅིག་གིས་འགྲེལ་བརྗོད་གནང་བྱུང་།
དཔེར་ན། ད་རེས་ཀྱི་ཚོགས་འདུའི་གྲོས་གཞིའི་ནང་ལ་ཡང་ཏོག་དབྱིབས་འགོས་ནད་དང་འབྲེལ་བའི་གོད་ཆག་ལ་དམིགས་པའི་དམངས་ཕན་གྱི་གནད་དོན་སྐོར་གླེང་པ་མཐོང་རྒྱུ་མེད་པ་བརྗོད་མཁན་དང་། ཚོགས་འདུ་འགོ་བཙུགས་པ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་བས་དམ་དྲག་ཆེ་རུ་བཏང་ཡོད་པ་ཡང་བརྗོད་བྱུང་།
བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གྲོས་ཀྱི་ཚོགས་འདུ་དེ་ཚེས་༡༢ནས་༡༥བར་དང་། མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་འདི་ཚེས་༡༣ནས་༡༦བར་འཚོགས་ཀྱི་ཡོད་འདུག


གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎