བོད་ཀྱི་ས་ཁུལ་ཁག་ནང་རྒྱ་ནག་དམར་ཤོག་གི་སློབ་གསོ་མུ་མཐུད་དུ་སྤེལ་མུས་རེད་འདུག

2021-06-09
Share
བོད་ཀྱི་ས་ཁུལ་ཁག་ནང་རྒྱ་ནག་དམར་ཤོག་གི་སློབ་གསོ་མུ་མཐུད་དུ་སྤེལ་མུས་རེད་འདུག ཉིང་ཁྲི་ཕྱོགས་སུ་རྒྱ་ནག་དམར་ཤོག་གི་སློབ་གསོ་སྤེལ་བཞིན་པ།
Chinese State Media

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྒྱ་ནག་དབུས་གཞུང་གི་དམར་ཤོག་ཚོགས་པའི་ལོ་རྒྱུས་སློབ་གསོའི་མཛུབ་ཁྲིད་ཚོགས་ཆུང་ཨང་དགུ་པ་ཟེར་བ་ཞིག་ལྷ་སར་སླེབས་ནས་བོད་མི་ཚོ་མི་འདོད་བཞིན་དུ་དམར་ཤོག་གི་སློབ་གསོའི་ལས་འགུལ་ནང་མཉམ་ཞུགས་བྱེད་དུ་འཇུག་བཞིན་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་༦་ཚེས་༨་ཉིན་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་ལོ་རྒྱུས་སློབ་གསོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཚོགས་འདུ་ཟེར་བ་ཞིག་སྐོང་ཚོགས་བྱས་འདུག་ཅིང་། ཚོགས་འདུའི་ཐོག་བོད་ནང་དམར་ཤོག་ཚོགས་པའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་དང་དོ་ནན་ངང་སྤེལ་དགོས་པ་ནན་བརྗོད་བྱས་འདུག དེང་སྐབས་ལས་ཁུངས་དང་སློབ་གྲྭ། དེ་མིན་སྤྱི་ཚོགས་ཀྱི་ཚན་པ་མང་པོའི་ནང་མི་དམངས་ཚོར་འདོད་མོས་ཡོད་མེད་ལ་མ་བལྟོས་པར་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་དང་ལྟ་བར་སློབ་སྦྱོང་ངེས་པར་དུ་བྱེད་དགོས་པ་མ་ཟད། ཐ་ན་གཟའ་སྤེན་པ་དང་ཉི་མའི་གུང་གསེང་གི་དུས་ཚོད་ལ་ཡང་མང་ཚོགས་འདུ་སྐོང་བྱས་ཏེ་དམར་ཤོག་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་བཅུག་གི་ཡོད་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ལ་བོད་མི་རིགས་ཀྱི་རྣམ་པ་གཟབ་པོ་ལྡན་པའི་གནའ་བོའི་གྲོང་ཁྱེར་འདིར།ད་ཆ་ལྷ་མེད་སྨྲ་བའི་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ཁེངས་ནས་ལོ་ངོ་༥༥་གོང་བོད་ནང་རྒྱ་ནག་གི་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་བ་དེ་བསྐྱར་ལོག་རྒྱབ་པ་ལྟ་བུའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་ལྷ་སའི་གྲོང་མི་བགྲེས་སོང་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

ccp2.jpg

དེ་མིན་ཡང་ཟླ་༥་ཚེས་༢༨་ནས་ཟླ་༦་ཚེས་༨་བར་བོད་ཀྱི་ཀོང་པོ་ཁུལ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་རྗེས་སུ་འབྲངས་པ་ཟེར་བའི་བརྗོད་གཞིའི་ཐོག་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་པ་སློབ་གྲྭ་ཁག་དང་ལས་ཁུངས་ཁག དེ་བཞིན་མང་ཚོགས་འདུས་སྡོད་ཁུལ་སོགས་ལ་སྐྱོད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སློབ་གསོ་སྤེལ་ཡོད་འདུག གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གཞི་རྐང་ཀོང་པོ་ཁུལ་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སློབ་གསོ་འདི་འདི་ལོ་ཟླ་༣་ཚེས་༡༥་ཉིན་ནས་འགོ་བཙུགས་བྱས་འདུག་པ་དང་། ད་བར་དྲིལ་བསྒྲགས་སློབ་གསོ་ཐེངས་༨༤་སྤེལ་བའི་ནང་མང་ཚོགས་དྲུག་སྟོང་ལྷག་ཙམ་མཉམ་ཞུགས་བྱས་བཅུག་ཡོད་འདུག འདི་ལོ་བོད་ཀྱི་ས་ཁུལ་ཁག་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བའི་སློབ་གསོ་རབ་དང་རིམ་པ་སྤེལ་བའི་ནང་། དམིགས་བསལ་སློབ་གྲྭ་ཁག་ནང་བོད་པའི་མི་རབས་གསར་པའི་ཁྲོད་དེ་བས་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་པ་འདི་ནི་མི་རིགས་ཀྱི་ཁྱད་ཆོས་གཏིང་ཟབ་ཅིང་རིག་གཞུང་གི་ཕྱུག་པའི་བོད་མི་རིགས་འདི་བཞིན་དམིགས་བསལ་ཁྱད་ཆོས་མངོན་རྒྱུ་མེད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་རྗེས་འབྲངས་མི་སྣ་གསོ་སྐྱོང་ཆེད་དམིགས་པ་ཞིག་ཡིན་པ་དང་། བོད་མི་རིགས་རྩ་གཏོར་རྒྱུའི་རྒྱ་ནག་གཞུང་གི་སྲིད་ཇུས་འདིའི་གོམ་སྟབས་མགྱོགས་རུ་གཏོང་རྒྱུའི་སྲིད་བྱུས་ཀྱི་ཆ་ཤས་གལ་ཆེའི་གྲས་ཡིན་པར་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།