བོད་ནང་འགོ་ཁྲིད་རྒྱ་མི་ཇེ་མང་དུ་གཏོང་བཞིན་པས་བོད་ལ་རང་དབང་མེད་པ་གསལ་བོར་མཚོན་ཟེར།

2022.12.14
བོད་ནང་འགོ་ཁྲིད་རྒྱ་མི་ཇེ་མང་དུ་གཏོང་བཞིན་པས་བོད་ལ་རང་དབང་མེད་པ་གསལ་བོར་མཚོན་ཟེར། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས།
CTA

རྒྱ་ནག་གཞུང་གིས། སྔ་ལོར་ཕྱི་ཟླ་༡༠པའི་ནང་ཝང་ཅུན་ཀྲེང་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་གཞག་བྱས་པའི་རྗེས། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ས་ཁུལ་ཁག་གི་འགོ་ཁྲིད་མང་པོ་ཞིག་འཕོ་འགྱུར་གཏོང་བཞིན་ཡོད་ཅིང་། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ས་ཁུལ་དེ་དག་ནང་གསར་དུ་བསྐོ་བཞག་བྱས་པའི་དཔོན་རིགས་མང་ཆེ་བ་རྒྱ་རིགས་ཡིན་འདུག དཔེར་ན། འདི་ཚེས་༡༣ཉིན་ཝང་ཆིང་ཟེར་བའི་རྒྱ་མི་ཞིག་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོ་བཞག་བྱས་འདུག་པ་དང་། ཝད་ཧྥང་ཧུང་ཟེར་བའི་རྒྱ་མི་ཞིག་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པར་བསྐོ་བཞག་བྱས་པ་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ནང་ཐོན་འདུག
དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ལྷ་ས་དང་གཞིས་ཀ་རྩེ་བཅས་བོད་ཀྱི་གྲོང་ཁྱེར་ཁག་ཅིག་གི་སྤྱི་ཁྱབ་པ་གསར་པར་རྒྱ་མི་ཞིག་བསྐོ་བཞག་བྱས་པ་དེས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བཤད་པ་ཙམ་ལས་དོན་དངོས་བོད་མིར་རང་དབང་དང་ཐོབ་ཐང་མེད་པ་གསལ་པོ་མཚོན་ཐུབ་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་ལྷ་ས་དང་གཞིས་ཀ་རྩེ། ཆབ་མདོ་སོགས་ཀྱི་ནང་ཉིན་ཤས་རིང་ཆབ་སྲིད་གྲོས་ཚོགས་དང་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་སྐོང་ཚོགས་བྱས་རྗེས། གོང་ཞུས་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་མི་འགོ་ཁྲིད་དེ་དག་བསྐོ་བཞག་བྱས་པ་ཞིག་ཡིན་འདུག་ཅིང་། གསར་དུ་བསྐོ་བཞག་བྱས་པའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཝང་ཆིང་ནི་༢༠༡༩ལོར་པེ་ཅིང་ནས་ལྷ་སར་བོད་སྐྱོར་ལས་བྱེད་པའི་མིང་ཐོག་ནས་སླེབས་པ་ཞིག་ཡིན་འདུག་པ་དང་། ད་ལྟའི་ཆར་ཁོང་ནི་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཡིན་འདུག
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། ད་རེས་ཀྱི་གནས་ཚུལ་དེས་ད་ལྟའི་རྒྱ་ནག་གཞུང་གི་གཅིག་བསྡུས་རིང་ལུགས་ཀྱི་སྲིད་བྱུས་འོག་བོད་ནང་དུ་བོད་མི་འགོ་ཁྲིད་བསྐྱེད་སྲིང་བྱེད་རྒྱུའི་ཐད་རེ་བ་མེད་པའི་མཚོན་དོན་ཞིག་རེད། རྒྱ་ནག་གཞུང་གི་སྲིད་བྱུས་འོག་རྒྱ་རིགས་མང་པོ་ཞིག་བོད་ཀྱི་ས་ཁུལ་དུ་གནས་སྤོས་ཀྱིས་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་སྲིད་བྱུས་སྤེལ་མུས་ཡིན་པའི་ཁར། བར་སྐབས་ཤིག་ནས་བོད་ཀྱི་ས་ཁུལ་ཁག་ནང་རྒྱ་མི་རིགས་བོད་མིའི་འགོ་ཁྲིད་དུ་བསྐོ་བཞག་བྱེད་རྒྱུ་ཇེ་མང་དུ་འགྲོ་བ་བཞིན་ཡོད། དེ་ནི་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུའི་སྲིད་བྱུས་རྒྱ་ཁྱབ་ཏུ་གཏོང་བཞིན་ཡོད་པ་གསལ་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ལྷ་ས་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། དེ་སྔ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བའི་ནང་། ད་སྐབས་ལྷ་ས་ཁུལ་གྱི་འཛིན་སྐྱོང་གི་སྐད་ཡིག་གཙོ་བོ་དེ་རྒྱ་ཡིག་བཀོལ་སྤྱོད་བྱེད་བཞིན་པར་མ་ཟད། གྲོང་ཁྱེར་སྲིད་གཞུང་གི་དཔོན་རིགས་མཐོ་གྲས་བརྒྱ་ཆ་༧༠ལྷག་གིས་བོད་ཡིག་འབྲི་ཀློག་ཤེས་ཀྱི་མེད་པ་འགྲེལ་བརྗོད་བྱས་བྱུང་ལ། ཛ་དྲག་གི་གནས་ཚུལ་ཞིག་ནི་ད་ལྟ་ལྷ་ས་གྲོང་ཁྱེར་ནང་མི་འབོར་བརྒྱ་ཆ་༦༠ལྷག་རྒྱ་མི་ཡིན་པ་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎