ཨོ་ལིམ་པིག་གི་གསར་འགོད་དྲ་རྒྱ་ཁག་བཀག་འགོག་བྱས་པ།

ཨོ་ལིམ་པིག་གི་གསར་འགོད་ལྟེ་གནས་ཁང་གི་ནང༌བཙན་བྱོལ་བོད་གཞུང་དང༌ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་རྒྱ་བཀག་འགོག་བྱས་འདུག
2008-07-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཨོ་ལིམ་པིག་རྩེད་འགྲན་གྱི་གསར་འགོད་ལྟེ་གནས་ཁང་གི་ནང༌། བཙན་བྱོལ་བོད་གཞུང་དང༌། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་སོགས་དྲ་རྒྱ་ཁག་བཀག་འགོག་བྱེད་བཞིན་ཡོད་འདུག།

ཨེ་ཨེཕ་པི་གསར་འགྱུར་ལས་ཁང་ནས་དེ་རིང་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་ནག་གཞུང་ནས་ཐོག་མར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་ཐོབ་པའི་སྐབས། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་དང༌། གསར་འགོད་རང་དབང་སྤྲོད་རྒྱུ་སོགས་ཁས་ལེན་མང་དག་ཅིག་བྱས་ཡོད་ཀྱང་ད་ཆ་རྩེད་འགྲན་གྱི་དུས་ཚོད་སླེབས་ལ་ཉེ་བའི་སྐབས་འདིར་ཁས་ལེན་དེ་དག་ལ་བརྩི་མེད་ཀྱིས་དམ་བསྒྲགས་ཇེ་ཤུགས་ཆེ་རུ་གཏོང་གི་ཡོད་འདུག དེ་ཡང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་གྱི་ནང་ལུགས་སྲོལ་ལྟར་ན་ འཛམ་གླིང་ཡུལ་གྲུ་གང་ས་ནས་གསར་འགྱུར་བཀོད་མཁན་སྟོང་ཕྲག་འགའ་ཤས་ཡོང་གི་ཡོད་པའི་ཆ་ནས་གསར་འགྱུར་ལས་དོན་ཐོག་དམིགས་བསལ་ལྟེ་གནས་ཤིག་གོ་བསྒྲིགས་བྱས་ཡོད་པ་རེད། འོན་ཀྱང་ཨེ་ཨེཕ་པི་གསར་ལས་ཁང་ནས་ལྟེ་གནས་ཁང་དེའི་ནང་གི་ཀམ་པུ་ཀྲར་ནས་དྲ་རྒྱའི་ནང་གནས་ཚུལ་འཚོལ་སྒྲུབ་བྱེད་པའི་སྐབས་དྲ་རྒྱ་འདི་བསྔོགས་འདོན་བྱེད་ཐུབ་ཀྱི་མི་འདུག་ཅེས་ཐོན་གྱི་ཡོད་འདུག། དེའི་ཁོངས་སུ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང༌། འཇར་མན་གྱི་དྲཅ་ལྦེལ་ཞེས་པའི་རླུང་འཕྲིན་། དེ་བཞིན་རྒྱ་སྐད་དང་རྒྱ་ཡིག་ཐོག་ནས་རྒྱང་སྲིངས་བྱེད་བཞིན་པའི་སྦི་སྦི་སིའི་ཡན་ལག་སོགས་ཀྱི་དྲ་རྒྱ་བཏོན་ཐུབ་ཀྱི་མེད་པ་དང༌། དེ་བཞིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱ་དང༌། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཚོགས་པའི་དྲ་རྒྱ། ཕ་ལུང་ཀུང་གི་འབྲེལ་ཡོད་དྲ་རྒྱ། ཕེ་རན་སིའི་ནང་རྟེན་གཞི་བྱེད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་གང་ལྟར་རྒྱལ་སྤྱིའི་ནང༌སྙན་གྲགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང༌། གཞན་ཡང་རྒྱ་ནག་གཞུང་ནས་དོགས་གཞི་ཡོད་པའི་ཚོགས་པ་དང༌། སྒེར་པ་ཁག་གི་དྲ་རྒྱ་བསྔོགས་བཏོན་བྱེད་རྒྱུར་བཀག་སྡོམ་བྱས་ཡོད་འདུག། བདུན་ཕྲག་གཉིས་གོང་ཙམ་ལ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་ཚོགས་གཙོ་ཇེག་ཤི་རག་མཆིག་གིས། རྒྱ་ནག་ནང་གསར་འགྱུར་བཀོད་རྒྱུ་དང༌། གསར་འགྱུར་མཁོ་སྒྲུབ་བྱེད་རྒྱུར་རང་དབང་ཆ་ཚང་སྤྲོད་ཀྱི་རེད་ཅེས་གསུངས་ཡོད་པ་དེ་དག་དངོས་ཡོད་གནས་ཚུལ་དང་མི་མཚུངས་པ་ཞིག་ཆགས་ཡོད་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།