ཁྱིམ་བདག་དང་བྱིས་པ་དགོན་པར་བསྐྱོད་མི་ཆོག་པའི་བཀའ་བཏང་འདུག

2018-05-16
གློག་འཕྲིན།
མཆན།
Share
པར་བཀོད།
ཆབ་མདོ་བྱིས་གསོ་ཁང་གི་བསྒྲགས་ཡིག ༢༠༡༨།༥
ཆབ་མདོ་བྱིས་གསོ་ཁང་གི་བསྒྲགས་ཡིག ༢༠༡༨།༥
བོད་འབྱོར།

བོད་ནང་རྒྱ་ནག་གཞུང་གིས་དབང་འཛིན་པ་ཚོས་ས་ག་ཟླ་བའི་སྐབས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ཀྱི་རྒྱལ་ས་ལྷ་ས་དང་ཆབ་མདོ་གྲོང་ཁྱེར་ལ་སོགས་པ་ས་ཁུལ་ཁག་གི་ནང་བོད་མི་ཚོ་དགོན་པ་དང་ལྷ་ཁང་ཁག་ཏུ་མཆོད་མཇལ་དུ་འགྲོ་མི་ཆོག་པ་དང་། ལྷག་པར་དུ་ཕྲུ་གུ་ཚོ་དགོན་པའི་ནང་ཁྲིད་མི་ཆོག་པའི་བརྡ་ཐོ་བཏང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ཀྱི་ཆབ་མདོ་གྲོང་ཁྱེར་བྱིས་གསོ་ཁང་ཨང་གཉིས་པས་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་སྤེལ་ཞིང་ གཏན་ལྷིང་བདེ་འཇགས་ལས་ཁུངས་ཞེས་པའི་ཐམ་ཀ་རྒྱབ་པའི་བརྡ་ཐོ་ཞིག་ལག་ཐོབ་བྱུང་བ་དེའི་ནང་།
བོད་ཟླ་བཞི་ས་ག་ཟླ་བ་ཟིན་སྐབས་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་།གྲོང་ཁྱེར་སློབ་གསོ་ལས་དོན་ལྷན་ཁང་བཅས་ཀྱི་བཀོད་པའི་ཡིག་ཆ་གཞིར་བཟུང་རྒྱ་ཆེའི་ཁྱིམ་བདག་རྣམ་པར་བརྒྱུད་བསྒྲགས་བྱེད་རྒྱུའི་དོན་ཚན་ལྔ་ཅན་གྱི་ནང་དོན་ཞིག་བཀོད་འདུག་ཅིང་།  དང་པོ།  བྱིས་པ་ཚོའི་བསམ་བློའི་སློབ་གསོ་སྐུལ་འདེད་གཏོང་ཆེད་ཕྲུ་གུ་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་སུ་ཁྲིད་མི་ཆོག་པ་དང་། གཉིས་པ་།ཁྱིམ་བདག་བྱིས་པའི་ལྟ་སྐྱོང་མཁན་ཡིན་སྟབས། ཁྱིམ་བདག་ཡང་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་སུ་འགྲོ་མི་ཆོག་པ།
གསུམ་པ།གོང་རིམ་སྡེ་ཁག་གིས་ལྐོག་ལ་ལྟ་སྐུལ་བྱས་ནས་སྒྲིག་སྲོལ་འགལ་མཁན་ལ་ཐག་གཅོད་བྱེད་རྒྱུ་ཞེས་དང་།
བཞི་པ།  །སློབ་ཕྲུག་ཚོ་ཉིན་རེའི་སློབ་གྲྭའི་ནང་གི་བྱེད་སྒོ་ཁག་ཆད་པ་བྱུང་ཚེ།  རྗེས་འདེད་བྱས་ནས་ལྐོག་ལ་དགོན་པ་དང་ཆོས་ལུགས་བྱེད་སྒོ་སོགས་ཁྲིད་པ་ཧ་གོ་ན་ཐད་ཀར་གྲོང་ཁྱེར་སློབ་གསོ་ལས་ཁང་ལ་རྩིས་སྤྲོད་རྒྱུ་དང་།
ལྔ་པ། རྒྱ་ཆེའི་ཁྱིམ་བདག་རྣམ་པས་ཕྲུ་གུའི་བདེ་འཇགས་དོ་དམ་བྱེད་པ་རྒྱུད་སློབ་གྲྭའི་ལས་དོན་ལ་རྒྱབ་སྐྱོར་དགོས་རྒྱུ་བཅས་བཀོད་འདུག།
འདི་ནི་གནད་དོན་དབྱེ་ཞིབ་པ་ཚོས་བོད་ཀྱི་ས་ཁུལ་ནང་རྒྱ་ནག་གཞུང་གིས་ཆེད་མངགས་བོད་མིའི་ཆོས་དད་རང་དབང་བརྡེལ་བཤིག་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤྱི་དང་དམིགས་བསལ་ས་ག་ཟླ་བའི་དུས་ཡུན་རིང་དམ་དྲག་ཇེ་ཆེ་བྱེད་པའི་སྲིད་ཇུས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གི་དམ་དྲག་ལ་མ་བལྟོས་བར་ནང་པའི་དུས་ཆེན་ཁྱད་པར་ཅན་ས་ག་ཟླ་བའི་ཚེས་གཅིག་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་དང་གླིང་སྐོར་སོགས་སུ་མི་ཚོགས་སྔར་ལས་མང་བ་མཐོང་རྒྱུ་ཡོད་པ་མ་ཟད། མི་མང་པོས་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ནས་ཟླ་བ་གཅིག་རིང་དམར་ཟས་སྤོང་ནས་དཀར་ཟས་ལོངས་སུ་སྤྱོད་རྒྱུ་དང་། ཕྱག་འབུམ་འཚལ་རྒྱུ་བཅས་ཀྱི་ཆོད་སེམས་བཅངས་ནས་དཀར་པོ་དགེ་བའི་ལས་ལ་ཞུགས་མཁན་ཡང་མང་པོ་ཡོད་སྐོར་བོད་ནས་བོད་མི་ཞིག་གིས་འབྲེལ་བརྗོད་གནང་ཡོད།
དེ་དང་ཕྱོགས་མཚུངས་བོད་ནང་གི་བླ་མ་དགེ་བཤེས་དང་། གཞས་པ་གཞས་མ་མང་པོ་ཞིག་གིས་ཀྱང་གཞས་ཚིག་བརྒྱུད་ནས་བཞི་པ་ས་ག་ཟླ་བའི་རིང་དམར་ཟས་སྤོང་དགོས་པའི་སྐུལ་མ་ཡང་ཞུ་གི་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་ལྕགས་མོ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།