བོད་རིགས་ཞིག་སློབ་ཕྲུག་ཚོགས་པའི་ཚོགས་གཙོར་བདམས་པར་རྒྱ་རིགས་ཚོས་ངོ་རྒོལ།


2019.02.12
འཆི་མེད་ལྷ་མོ་ལགས། འཆི་མེད་ལྷ་མོ་ལགས།
CL/FB

འཆི་མེད་ལྷ་མོ་ལགས་ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྱབ་ཁོངས་སཀཱར་སྦོ་རོ་(Scarborough Campus‎) ཞེས་པའི་ཚོགས་གཙོར་བདམས་ཐོན་བྱུང་བར་སློབ་གྲྭ་དེའི་རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་འདུག
ཕྱི་ཟླ་ ༢ བའི༩་ཉིན་བོད་རིགས་སློབ་མ་འཆི་མེད་ལྷ་མོ་ལགས་ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོའི་ཁྱབ་ཁོངས་སཀཱར་སྦོ་རོའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་བསྡུའི་ལམ་ནས་མང་མོས་བདམས་ཐོན་བྱུང་མ་ཐག་སློབ་གྲྭ་དེར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་རྣམས་ཀྱིས་དྲ་རྒྱ་བརྒྱུད་ནས་འཆི་མེད་ལྷ་མོ་ལགས་ནི་་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལུགས་དང་། ཁོང་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ནས་ཕྱིར་འཐེན་བྱ་དགོས་པའི་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་བསྟན་ཞིང་། རྒྱ་ཡིག་དྲ་རྒྱ་སྤྱི་དང་ལྷག་པར་དུ་སྐད་འཕྲིན་སོགས་བརྒྱུད་གནས་ཚུལ་འདིའི་ཐད་གླེང་སློང་ཤུགས་ཆེ་བྱུང་བཞིན་ཡོད་པ་རེད།
གནས་ཚུལ་དེའི་ཐད་ནས་འཇར་མན་རླུང་འཕྲིན་ཁང་གིས་འཆི་མེད་ལྷ་མོ་ལགས་ལ་བཅར་འདྲི་བྱེད་སྐབས་ཁོང་གིས་གསུངས་དོན། རྒྱ་ནག་གི་སློབ་མ་རྣམས་ཀྱིས་ང་ལ་གནས་ཚུལ་དེའི་སྐོར་ནས་ཐད་ཀར་གང་ཡང་བཤད་མ་སོང་མོད། ང་རང་རྒྱ་རིགས་སློབ་མ་རྣམས་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བ་ཡིན་ན་ངས་སློབ་ཕྲུག་ཚོགས་གཙོའི་འབྱུང་འགྱུར་གྱི་ལས་འཆར་རྣམས་ཁོ་ཚོར་འགྲེལ་བརྗོད་བྱ་འདོད་ཡོད་ཅེས་གསུངས་འདུག ད་དུང་འཆེ་མེད་ལྷ་མོ་ལགས་ཀྱིས་རྒྱ་ནག་གཞུང་གི་རྒྱབ་གཉེར་ཡོད་པའི་ཁུང་ཙི་ལྟེ་གནས་ཁང་སོགས་བརྒྱུད་ནས་ཁེ་ན་ཌའི་སློབ་གྲྭ་ཆེན་མོ་ཁག་གི་ལས་དོན་ལ་ཐེ་ཇུས་བྱེད་བཞིན་པའི་གནས་ཚུལ་ཁག་སློབ་ཕྲུག་མཐུན་ཚོགས་ཀྱི་ནང་ཕྱག་ལས་གནང་པའི་ཉམས་མྱོང་གི་ཐོག་ནས་གསལ་པོར་མཁྱེན་རྟོགས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། རྒྱ་མིའི་སློབ་ཕྲུག་ཚོས་དྲ་རྒྱའི་བརྒྱུད་ཁོང་ལ་ཚིག་མཚོན་བཏབ་པ་དང་མི་བདེན་པའི་གནས་ཚུལ་མང་དག་ཞིག་འགྲེམ་སྤེལ་བྱས་པ་དེས་ཁོང་གི་ནང་མི་དང་གྲོགས་པོ་གྲོགས་མོ་རྣམས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་ཁྲོལ་ཅུང་ཆེན་པོ་བྱུང་བ་གསུངས་པ་དང་ཆབས་ཅིག། ཁོང་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ལྡན་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། སྤྱི་ཚོགས་བརྒྱུད་ལམ་ཁག་གི་གླེང་སློང་འདྲ་མིན་བྱུང་བཞིན་པ་དེས་ཁོང་ལ་སྔར་ལས་ལྷག་པའི་སྐུལ་མ་དང་རང་གི་རྣམ་དཔྱོད་སྤྱད་ནས་རྨོངས་སྤྱོད་ལ་གདོང་ལེན་བྱ་རྒྱུར་གདེང་ཚོད་ཆེ་རུ་ཕྱིན་པར་ཕན་ཐོག་བྱུང་ཅེས་གསུངས་འདུག
ཁོང་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་མིར་འོས་འདེམས་མ་བྱུང་གོང་འཆི་མེད་ལྷ་མོ་ལགས་ནི་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་ལས་འགན་གནང་མུས་ཡིན་པ་དང་། ལས་འགན་དེའི་འོག་ཁོང་གིས་གཙོ་འགན་བཞེས་ཏེ་ཉེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་གཏམ་བཤད་གོ་བསྒྲིགས་གནང་ཐུབ་པ་བྱུང་བ་དང་། ལྷག་དཀར་སྲུང་བརྩི་གནང་བ། དེ་མིན་སྒོམ་དང་ནང་སེམས་ལ་ཞི་བདེ་ཡོང་ཐབས་སོགས་ཀྱི་ལས་རིམ་སྤེལ་ཡོད་འདུག ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཁོང་གི་ཚོགས་གཙོའི་དུས་ཡུན་ལོ་གཅིག་གི་ནང་སློབ་མ་ཁྱོན་ཡོངས་ཀྱི་སློབ་སྦྱོང་དང་འབྲེལ་བའི་ཐོག་ལ་ལྟ་རྟོགས་གནང་རྒྱུ་དང་། དེ་མིན་སློབ་ཕྲུག་རྣམས་ཀྱི་སྐབས་བབ་ཀྱི་གནས་སྟངས་ལ་གཞིགས་ནས་བདེ་སྡུག་སེལ་མཁན་གྱི་མགྲིན་ཚབ་པ་ཞིག་གནང་རྒྱུ་ཡིན་པ་བརྗོད་བྱུང་།
ཊོ་རོན་ཊོ་གཙུག་ལག་སློབ་གྲྭ་ཆེན་མོ་ནི་ཡུལ་དེའི་རྩེ་ཕུད་ཀྱི་སློབ་གྲྭ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་།  སློབ་གྲྭ་དེར་འཆི་མེད་ལྷ་མོ་ལགས་ཀྱིས་གཙུག་ལག་ལོ་རིམ་བཞི་པའི་དབང་རྩ་དང་སེམས་ཁམས་རིག་པའི་ཚན་རིག་སྡེ་ཚན་དུ་སློབ་སྦྱོང་གནང་བཞིན་འདུག་ལ།  ཁོང་ནི་ཁེ་ན་ཌའི་ནང་སྐྱེས་ཚར་བྱུང་བའི་བོད་རིགས་ཤིག་ཡིན་པ་དང་། བོད་རིགས་ཤིག་གཙུག་ལག་སློབ་གྲྭ་ཆེན་མོར་དེའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བ་ཐེངས་དང་པོ་ཡིན་པ་རེད

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎