ལ་དྭགས་ནང་བོད་ཀྱི་རྒྱལ་དར་སྒྲེང་བར་རྒྱ་ནག་ཁོང་ཁྲོ་ལངས་འདུག


2017.07.11
སྲིད་སྐྱོང་མཆོག་བོད་དང་ས་འབྲེལ་སྤང་སྒོང་མཚོའི་འགྲམ་དུ། ༢༠༡༧།༧།༥ སྲིད་སྐྱོང་མཆོག་བོད་དང་ས་འབྲེལ་སྤང་སྒོང་མཚོའི་འགྲམ་དུ། ༢༠༡༧།༧།༥
Tibet.net

རྒྱ་དཀར་ནག་གི་མཐའ་མཚམས་ས་ཁུལ་དུ་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ངོ་བོ་མཚོན་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་བཅུག་ན་དེ་ནི་རྒྱ་གར་གཞུང་གིས་རང་སྡུག་རང་གིས་ཉོས་པ་ཞིག་ཆགས་ཀྱི་རེད་ཅེས་རྒྱ་ནག་གི་Global Time ཞེས་གོ་ལའི་ཚགས་ཤོག་ཐོག་དཔྱད་གཏམ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་ལྟ་བ་ལངས་ཕྱོགས་ཁྱབ་སྤེལ་མཁན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ Global Time ཞེས་བའི་བརྒྱུད་ལམ་དེས། ཕྱི་ཚེས་༡༠ཉིན་གྱི་དཔྱད་རྩོམ་ཞིག་སྤེལ་བའི་ནང་། ད་ཆ་འབྲས་ལྗོངས་ཁུལ་ལ་ས་མཚམས་ཀྱི་རྩོད་གཞི་ཞིག་འབྱུང་བཞིན་པའི་སྐབས་སུ་རྒྱ་གར་གཞུང་གིས་བབ་ལྷིང་བརྟན་གསུམ་གིས་ངང་ནས་ལས་དོན་གནང་དགོས་པ་དང་། གལ་སྲིད་རྒྱ་གར་གཞུང་གི་ངོས་ནས་ལ་དྭགས་ས་མཚམས་སུ་བཙན་བྱོལ་བོད་མིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ཆབ་སྲིད་ལས་དོན་ལ་སྐུལ་མ་གནང་གི་ཡོད་ཚེ་དེ་ནི་རྒྱ་གར་རང་ཉིད་ཀྱིས་རང་སྡུག་རང་གིས་ཉོས་པ་ཞིག་ཆགས་རྒྱུ་རེད། རྒྱ་དཀར་ནག་གི་ས་མཚམས་དང་བོད་ཀྱི་གནད་དོན་དེ་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་དོན་ཞིག་ལ་ཐུག་ཡོད་པས་རྒྱ་ནག་གིས་འཁྲུག་རྐྱེན་དེ་རིགས་དེ་མུར་བཞག་ཐབས་མེད་པ་ཞིག་རེད་ཅེས་ཉེན་བརྡ་བཏང་ཡོད།
འོན་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སངྒེ་མཆོག་གི་སྒེར་གྱི་ངོ་དེབ་ཐོག བརྒྱུད་ལམ་ཁག་ནང་མི་བདེན་པའི་གནས་ཚུལ་ཚོད་དཔག་མང་པོ་བྱེད་བཞིན་པའི་ཐོག་གསལ་བཤད་གནང་འདུག ཕྱི་ཚེས་༡༠ཉིན་སྲིད་སྐྱོང་མཆོག་གི་ངོ་དེབ་ཐོག་གི་གསལ་བཤད་ནང་། ལ་དྭགས་ས་གནས་ཀྱི་སྤང་སྒོང་Pangonམཚོ་འགྲམ་གྱི་བོད་ཀྱི་རྒྱལ་དར་དེ་ཁོང་གིས་སྒྲེངས་བཙུགས་གནང་པ་ཞིག་མིན་ཁོང་ཉིན་དེར་སྤང་གོང་མཚོ་འགྲམ་ལ་སླེབས་མ་ཐག་ནང་པའི་རླུང་རྟ་ཞིག་སྒྲོན་པ་ཡིན་ཞེས་དང་།
བོད་ཀྱི་རྒྱལ་དར་དེ་དེ་སྔོན་ནས་དུས་ཡུན་གང་འཚམ་ཞིག་ནས་སྒྲེང་བཙུགས་བྱས་ནས་ཡོད་ཡོད་པ་ཞིག་ཡིན་པ་ལས་བརྒྱུད་ལམ་ཁག་གིས་ཁོང་ཉིད་ཀྱིས་སྒྲེང་བཙུགས་གནང་བ་ཟེར་བ་དེ་བདེན་པ་མིན་པ་གསལ་བཤད་གནང་འདུག
རྒྱ་ནག་གི་གོ་ལའི་དུས་བབ་ཀྱི་དཔྱད་རྩོམ་དེའི་ནང་མུ་མཐུད་འཁོད་དོན། ལ་དྭགས་མཐའ་མཚམས་ས་ཁུལ་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་དར་སྒྲེང་བཙུགས་བྱས་པ་ཐེངས་དང་པོ་དེ་ཡིན་པ་རེད། རྒྱ་གར་གཞུང་གིས་ད་རེས་རྒྱལ་དར་སྒྲེང་བཙུགས་ཀྱི་ཐོག་ཐེ་ཇུས་ཡོད་མེད་གསལ་ཁ་མེད་ཀྱང་ང་ཚོའི་རེ་བ་ལ་རྒྱ་གར་གྱིས་དེ་ལ་རྒྱབ་སྐྱོར་མོས་མཐུན་ཡོད་པ་རྣམ་འགྱུར་མི་སྟོན་རྒྱུ་དང་། ད་ལྟའི་ས་མཚམས་ཀྱི་རྩོད་རྙོག་ཡོད་བཞིན་པའི་དུས་འདིར་རྒྱ་གར་གཞུང་གིས་བབ་ལྷིང་བརྟན་གསུམ་གྱི་ངང་ནས་གནས་ཚུལ་ཛ་དྲག་ཏུ་མི་ཡོང་ཆེད་བཙན་བྱོལ་བོད་མིས་རྒྱ་གར་ས་ཐོག་ཏུ་རྒྱ་ནག་ལ་ཁ་གཏད་གྱི་ལས་འགུལ་བཀག་བསྡོམས་བྱེད་རྒྱུར་འགན་འཁྲི་ཡོད་པ་རེད་ཅེས་བརྗོད་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎