དབྱིན་ཇིའི་ཚོད་དཔག་ལ་རྒྱ་ནག་གཞུང་ཁོང་ཁྲོ་ལངས་བ།


2016-04-20
Share
ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་གྲུ་གཟིངས་བསྐྱོད་བཞིན་པ། ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་གྲུ་གཟིངས་བསྐྱོད་བཞིན་པ།
AFP

དབྱིན་ཇིའི་དཔོན་རིགས་མཐོ་གྲས་ཤིག་གིས་ཕི་ལིབ་པིན་སི་ནས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་གནད་དོན་ཐད། རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་ནང་ཁ་མཆུ་བཙུགས་པ་དེ་ཟླ་བ་འགའ་ཤས་ནང་ཚུད་ལ་ཐག་གཅོད་ཡོང་བའི་ཚོད་དཔག་གནང་གི་ཡོད་སྐོར་གསུངས་པ་དེར་རྒྱ་ནག་གཞུང་ཁོང་ཁྲོ་ལངས་འདུག
ཤར་ཨེ་ཤི་ཡའི་གནད་དོན་ཐད་ཀྱི་དབྱིན་ཇིའི་བློན་ཆེན་Hugo Swire་མཆོག་གིས་Netherland་ཡི་གྲོང་ཁྱེར་Hague་ནང་རྟེན་གཞི་བྱེད་པའི་Court of Arbitration་ཞེས་རྩོད་རྙོག་བར་འདུམ་ཁྲིམས་ཁང་གིས། རྒྱ་ནག་དང་ཕི་ལིབ་པིན་སི་གཉིས་དབར་རྩོད་རྙོག་ཡོད་པའི་གླིང་ཕྲན་གྱི་བདག་དབང་གི་གནད་དོན་ཐད་གྲོས་མོལ་སླར་གསོའི་ཐག་གཅོད་བྱེད་སྲིད་པའི་གཟིགས་ཚུལ་ཡོད་སྐོར་གསུངས་ཡོད་པ་རེད། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ཡོངས་རྫོགས་རང་ཉིད་ལ་བདག་དབང་ཡོད་པའི་འདོད་ཚུལ་འཛིན་གྱི་ཡོད་སྟབས། གོང་ཞུས་Hague་ཁྲིམས་ཁང་དེས་ཕི་ལིབ་པིན་སིའི་ཞུ་གཏུགས་ལ་རྒྱབ་སྐྱོར་གྱིས་ཐག་གཅོད་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པས་ན། རྒྱ་གཞུང་གིས་གནད་དོན་འདིའི་ཐོག་ཁྲིམས་ཁང་དེས་ཐག་གཅོད་བྱ་རྒྱུའི་དབང་ཆར་ཁས་ལེན་གྱི་མེད་པ་རེད།
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་མ་Hua Chunying་ཡིས་སྐུ་ཞབས་Hugo Swire་གྱི་གཏམ་བཤད་དེས། དངོས་འབྲེལ་གནས་ཚུལ་ལ་སྣང་མེད་བཏང་བ་དང་། གཏམ་བཤད་དེ་ནི་ཉེ་རིང་དང་ཕྱོགས་གཅིག་རྐྱང་པ་ཡིན་སྟབས་དབྱིན་ཇིས་ཕྱོགས་ལྷུང་བྱ་རྒྱུ་མིན་པའི་ཁས་ལེན་དམ་བཅའ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་བ་ཞིག་ཡིན་ལུགས། གཏམ་བཤད་དེར་རྒྱ་ནག་འདོད་བློ་རྩ་བ་ནས་མ་ཁེངས་པའི་སྐོར་དེ་རིང་རྒྱལ་ས་པེ་ཅིང་ནང་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་བརྗོད་འདུག
ཡང་ཁོ་མོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དངངས་འཚབ་ཡོད་པའི་ནོར་འཁྲུལ་གཙོ་བོ་དེ་ཨ་མེ་རི་ཀ་དང་ཕི་ལིབ་པིན་ས་ལ་ཡོད་པ་ལས་རྒྱ་ནག་ལ་མེད་ཚུལ་དང་། ཨ་མེ་རི་ཀའི་གྲུ་གཟིངས་དང་གནམ་གྲུ་མངའ་ཁུལ་དེའི་ནང་མཐོང་རྒྱུ་ཇེ་མང་དུ་འགྲོ་ཡི་ཡོད་ལུགས་ཀྱང་བཤད་འདུག གང་ལྟར་Hague་ནང་ཡོད་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་གིས་ཕི་ལིབ་པིན་སི་ཞུ་གཏུགས་བྱས་པའི་ཁ་མཆུར་འདི་ལོའི་ཕྱི་ཟླ་ལྔ་པའི་ཟླ་མཇུག་གམ་ཕྱི་ཟླ་དྲུག་པའི་འགོ་སྟོད་ལ་ཐག་གཅོད་བྱེད་འཆར་ཡོད་པའི་གནས་ཚུལ་འདུག༎

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།