དགུན་ཁའི་གུང་སེང་རིང་ཟབ་སྦྱོང་འཛིན་གྲྭ་དང་ཆོས་ལུཊ་ཀྱི་བྱེད་སྒོར་ཞུགས་མི་ཆོག

2019-01-04
གློག་འཕྲིན།
མཆན།
Share
པར་བཀོད།
སློབ་གྲྭས་ཁྱིམ་བདག་ཕ་མ་ཚོར་སྤྲད་པའི་ཕྲུ་གུའི་ཡིག་རྒྱུགས་ཀྱི་ཚད་གཞི་འཁོད་པའི་ཡི་གེ ༢༠༡༩
སློབ་གྲྭས་ཁྱིམ་བདག་ཕ་མ་ཚོར་སྤྲད་པའི་ཕྲུ་གུའི་ཡིག་རྒྱུགས་ཀྱི་ཚད་གཞི་འཁོད་པའི་ཡི་གེ ༢༠༡༩
བོད་འབྱོར།/RFA

རྒྱ་ནག་གཞུང་གིས་ལྷོ་ཁ་རྩེད་ཐང་ས་ཁུལ་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོ་དགུན་ཁའི་གུང་སེང་སྐབས་སུ་ཟབ་སྦྱོང་དང་ཆོས་ལུགས་བྱེད་སྒོ་ཁག་གི་ནང་ཞུགས་མི་ཆོག་པའི་བཀོད་ཁྱབ་བཏང་འདུག
འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ལྷོ་ཁ་རྩེད་ཐང་ས་ཁུལ་གྱི་སློབ་གྲྭ་ཁག་དགུན་དུས་ཀྱི་གུང་སེང་ཟླ་བ་གཅིག་ལྷག་ཙམ་རིང་། བོད་རིགས་སློབ་ཕྲུག་རྣམས་ཟབ་སྦྱོང་རིགས་དང་། དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ནང་ཞུགས་མི་ཆོག་པའི་དམ་དྲག་བཀག་སྡོམ་བྱས་འདུག་ཅིང་།  གནས་ཚུལ་འདིའི་ཐད་བརྒྱུད་མངའ་ཡོད་པ་བཙན་བྱོལ་བཞུགས་མཁན་བྱམས་པ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ།  རྩེད་ཐང་ཁུལ་གྱི་བོད་མི་རྣམས་བཟང་བཙོན་ལྟ་བུའི་གནས་སྟངས་འོག་དཀའ་ངལ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་དང་ཆབས་ཅིག་སློབ་གྲྭ་ནས་ཁྱིམ་བདག་ཕ་མ་ཚོར་ཕྲུ་གུའི་སློབ་རྒྱུགས་ཀྱི་ཚད་གཞི་འཁོད་པའི་ཡི་གེ་ཞིག་གི་འདྲ་བཤུས་ཤིག་འདི་ག་རླུང་འཕྲིན་ཁང་ལ་མཁོ་སྤྲོད་བྱུང་བ་དེའི་ནང་དགུན་ཁའི་གུང་སེང་རིང་རང་ཉིད་ཀྱི་བུ་ཕྲུག་ཟབ་སྦྱོང་འཛིན་གྲྭ་དང་། ཆོས་ལུགས་བྱེད་སྒོ་གང་འདྲ་ཞིག་ཡིན་ཡང་དེ་དག་གི་ནང་ཞུགས་མི་ཆོག་པ་འཁོད་འདུག
གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུངས་བ་ལྟར་ན། སྤྱིར་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ལུགས་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། དོན་དངོས་ཐོག་བོད་ནང་གི་བོད་མི་ཚོར་ཆོས་དད་རང་དབང་རྩ་བ་ནས་མེད་པ་ནི། ཐ་ན་སློབ་ཕྲུག་ཚོར་ཆོས་མཇལ་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ནང་ཞུགས་རྒྱུར་ཡང་དམ་དྲག་ཧ་ཅང་ནན་པོ་ཡོད་པ་དེས་གསལ་སྟོན་བྱེད་ཀྱི་ཡོད་པ་གསུངས་འདུག་ལ། དམིགས་བསལ་ཁོང་གིས་མཁྱེན་རྟོགས་ཡོད་པའི་ལྷོ་ཁ་རྩེད་ཐང་ཕྱོགས་སུ་དེང་སྐབས་རྒྱ་ནག་གཞུང་གིས་གཞུང་ལམ་སོགས་འཛུགས་བསྐྲུན་གྱི་ལས་གཞི་སྤེལ་བའི་སྐབས་འཛུགས་བསྐྲུན་ལས་གཞི་སྤེལ་ཡུལ་གྱི་ས་ཁོངས་སུ་ཚུད་པའི་ས་གནས་བོད་མིའི་ས་ཁང་ལ་གུན་གསབ་མ་སྤྲད་པར་གཞུང་བཞེས་གཏོང་བཞིན་པའི་དཀའ་ངལ་འཕྲད་བཞིན་པའི་སྐོར་ཡང་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ་པདྨ་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།