རྒྱ་གཞུང་གིས་མངའ་རིས་ཁུལ་དུ་ས་འོག་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་པ།

2019-01-19
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གཞུང་གིས་བོད་སྟོད་མངའ་རིས་ཁུལ་དུ་ས་འོག་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་པ།
རྒྱ་ནག་གཞུང་གིས་བོད་སྟོད་མངའ་རིས་ཁུལ་དུ་ས་འོག་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་པ།
རྒྱ་གར་གྱི་གསར་འགྱུར་ལས་ཁང། ད་པི་རིན་ཊ(ThePrint)

༄༅། །རྒྱ་གར་གྱི་གསར་འགྱུར་ལས་ཁང་པི་རིན་ཊི་ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན།    རྒྱ་གར་དང་རྒྱང་ཐག་སྤྱི་ལེ་ ༥༠ ཙམ་གྱི་མཚམས་སུ་ཡོད་པའི་སྟོད་མངའ་རིས་སྒར་རྫོང་ཁུལ་དུ་རྒྱ་ནག་གཞུང་གིས་ས་འོག་མཛོད་ཁང་ཆེན་པོ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་གནས་ཚུལ་མཁའ་དབྱིངས་འཁོར་སྐར་གྱིས་ལྟ་ཞིབ་བརྒྱུད་ཤེས་རྟོགས་བྱུང་ཡོད་པ་དང་།   ས་འོག་མཛོད་ཁང་དེ་རྒྱ་གར་གྱི་ལ་དྭགས་སྡེ་མཆོག་ཁུལ་དུ་ཡོད་པའི་ས་མཚམས་དམག་སྒར་དང་རྒྱང་ཐག་སྤྱི་ལེ་ ༦༠ ཙམ་གྱི་སར་སྐྲུན་བཞིན་ཡོད་པའི་སྐོར་བཀོད་འདུག     ཡང་གསར་འགྱུར་ལས་ཁང་དེས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་ས་འོག་མཛོད་ཁང་དེ་ཕྱི་ལོ་ ༢༠༡༦ ལོའི་སྤྱི་ཟླ་༡༢པ་ནས་འཛུགས་བསྐྲུན་བྱེད་མགོ་བཙུགས་ཏེ་ད་དུང་ཡང་མཇུག་སྒྲིལ་མེད་པར་བརྟེན།   རྒྱ་ནག་གཞུང་གིས་མཛོད་ཁང་དེ་གསང་རྒྱ་དང་སྲུང་སྐྱོབ་བྱེད་ཆེད་ཨར་ལས་བཟོ་བསྐྲུན་བྱེད་པར་དམིགས་བསལ་གཞུང་འབྲེལ་ལས་མི་ཉུང་ཤས་ཤིག་མ་གཏོགས་བསྡུས་མེད་པའི་ཚོད་དཔག་བྱས་ཡོད་པ་དང་། ད་དུང་འཁོར་སྐར་གྱིས་བླངས་པའི་པར་རིས་ནང་མཛོད་ཁང་དེར་ཁྱོན་ས་འོག་ནས་འཛུལ་སའི་སྒོ་ཆེ་བ་ ༤ དང་ཆུང་བ་ ༣ ཡོད་འདུག་ལ།     མཛོད་ཁང་དེ་ཚན་པ་གཉིས་ལ་བགོས་ཏེ་ཕན་ཚུན་བར་བཅའ་དངོས་དབོར་འདྲེན་གྱི་འཁོར་ལམ་འཐུས་ཚང་ཞིག་ཀྱང་ཡོད་པ་མ་ཟད། མཛོད་ཁང་གི་ཟུར་ངོས་སུ་སྤུངས་པའི་ས་ལ་བལྟས་ན་ཕལ་ཆེར་མཛོད་ཁང་དེའི་གཤོང་ཚད་མི་ཊར་འབུམ་ ༣ ལྷག་ཡོད་པའི་ཚོད་དཔག་བྱས་འདུག  ས་འོག་མཛོད་ཁང་གི་ཕྱི་རུ་ལས་མིའི་སྡོད་ཤག་དང་ཨར་ལས་འཛུགས་སྐྲུན་གྱི་འཕྲུལ་ཆས་དང་རླངས་འཁོར་སོགས་མང་པོ་བཞག་ཡོད་པ་འཁོར་སྐར་གྱིས་ལེན་པའི་དཔར་ནང་མཐོང་རྒྱུ་ཡོད་པ་རེད།  
རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱེད་བཞིན་པའི་ས་འོག་མཛོད་ཁང་དེའི་ནང་ག་རེ་འཇོག་རྒྱུ་ཡིན་མིན་གསལ་ཁ་མེད་ཀྱང་། ཕལ་ཆེར་དམག་གི་གོ་མཚོན་དང་། ཐ་ན་རྡུལ་ཕྲན་མཚོན་ཆ་སྦས་སྐུང་བྱེད་ས་ཡིན་སྲིད་པ་གོང་ཞུས་རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་དེས་ཚོད་དཔག་བྱས་ཡོད་པ་དང༌།  རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་རྒྱ་གར་གྱི་བྱང་ཕྱོགས་ཁུལ་དང་ས་འབྲེལ་དུ་འཁེལ་བའི་སྟོད་མངའ་རིས་ཁུལ་དུ་དམག་མི་འགྲེམས་འཇོག་ཕོན་ཆེ་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་མངའ་རིས་སྒར་རྫོང་གི་དགུན་ས་གྲོང་ཚོའི་ཉེ་འཁྲིས་སུ་མངའ་རིས་དགུན་ས་གནམ་ཐང་གསར་དུ་སྒོ་ཕྱེས་ཡོད་པ་དང་། གནམ་ཐང་དེ་དམངས་སྤྱོད་གནམ་ཐང་ཞིག་ཡིན་ལུགས་ཕྱིར་བསྒྲགས་བྱས་ཡོད་ཀྱང་དམག་མི་དང་དམག་ཆས་དབོར་འདྲེན་ཆེད་བེད་སྤྱོད་ཤུགས་ཆེ་གཏོང་བཞིན་ཡོད་པ་རེད་འདུག    གཞི་རྩའི་འཆར་རྒྱ་ནག་གིས་བོད་མཐོ་སྒང་ཐོག་འགྲེམས་འཇོག་བྱས་པའི་རྒྱ་ནག་བཅིངས་བཀྲོལ་དམག་གི་ས་མཚམས་དཔུང་དམག་ཚོར་སྔ་ལོའི་ལོ་མཇུག་མཚོན་ལྡན་ལྕགས་ཁྲབ་དམག་འཁོར་ཐོན་གསར་ཨང་རྟགས་༡༥ཅན་མཁོ་སྤྲོད་བྱས་ཡོད་པ་མ་ཟད། ཟླ་བ་འདིའི་འགོ་སྟོད་དྲག་ཆས་གོ་མཚོན་གསར་པ་མང་པོ་སྤྲད་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།