བོད་རང་སྐྱོང་ལྗོངས་ཟེར་བའི་མི་འབོར་འཕར་ཡོད་ཚུལ་བསྒྲགས་ཀྱང་བོད་མིའི་གྲངས་འབོར་གསལ་བོ་མི་འདུག

2021-05-13
Share
བོད་རང་སྐྱོང་ལྗོངས་ཟེར་བའི་མི་འབོར་འཕར་ཡོད་ཚུལ་བསྒྲགས་ཀྱང་བོད་མིའི་གྲངས་འབོར་གསལ་བོ་མི་འདུག བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་ཉེ་འགྲམ་དུ། ༡༠།༡༥།༢༠༢༠
Reuters

རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་བདུན་པ་སྡོམ་འབོར་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་མི་འབོར་འཕར་ཡོད་ཚུལ་བསྒྲགས་ཀྱང་བོད་མིའི་གྲངས་ཀ་གསལ་བོ་མི་འདུག
ཉེ་ཆར་རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་བདུན་པའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ནང་། བོད་རང་སྐྱོང་ལྗོངས་ཟེར་བར་མི་གྲངས་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བཞི་ལྷག་ཡོད་ཚུལ་བཀོད་པ་དེ་ནི་ལོ་བཅུའི་སྔོན་དང་བསྡུར་ན་མི་གྲངས་འབུམ་དྲུག་ལྷག་འཕར་ཡོད་ཀྱང་བོད་མིའི་མི་གྲངས་ག་ཚོད་ཟིན་ཡོད་པ་གསལ་ཁ་གང་ཡང་མེད་པ་རེད།
ཉེ་ཆར་གྱི་ཕྱི་ཟླ་༥་པའི་ཚེས་༡༡་ཉིན་རྒྱ་ནག་གི་རྒྱལ་ཁབ་སྡོམ་རྩིས་ལས་ཁུངས་ནས། རྒྱ་ནག་ཁྱོན་ཡོངས་ཀྱི་མི་གྲངས་ཞིབ་བཤེར་ཐེངས་བདུན་པའི་སྤྱི་བསྒྲགས་ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཏན་སྡོད་མི་གྲངས་ས་ཡ་གསུམ་དང་འབུམ་དྲུག་ཁྲི་བཞི་སྟོང་བརྒྱད་བརྒྱ་ཐམ་པ་(༣༦༤༨༡༠༠)་ཡོད་པ་གསལ་བསྒྲགས་བྱས་ཏེ། དེ་དག་ཁྲོད་སྐྱེས་པའི་གྲངས་ཚད་བརྒྱ་ཆ་ལྔ་གཉིས་དང་ཚེག་ཞེ་ལྔ་ཟིན་པ་དང་། བུད་མེད་ཀྱི་གྲངས་ཚད་བརྒྱ་ཆ་ཞེ་བདུན་དང་ཚེག་ལྔ་ལྔ་དང་། ལོ་ན་ཀླད་ཀོར་ནས་༡༤་བར་གྱིས་བརྒྱ་ཆ་ཉེར་བཞི་དང་ཚེག་ལྔ་གསུམ་དང་། ལོ་ན་༡༥་ནས་༥༩་བར་གྱིས་བརྒྱ་ཆ་དྲུག་ཅུ་རེ་དྲུག་དང་ཚེག་གོ་ལྔ་ཟིན་པ་བརྗོད་དེ། དེ་བཞིན་ལོ་ན་རྒན་པའི་བསྡུར་ཚད་རིམ་པ་གཉིས་ལ་བགོས་ཏེ་ལོ་ན་༦༠་ཡན་གྱིས་བརྒྱ་ཆ་བརྒྱད་དང་ཚེག་ལྔ་གཉིས་ཟིན་པ་དང་། ལོ་ན་༦༥་ཡན་གྱིས་བརྒྱ་ཆ་ལྔ་དང་ཚེག་རེ་བདུན་ཟིན་པ་བཀོད་འདུག
ཡིན་ཡང་ཕྱི་ལོ་༢༠༡༠་ལོར་རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་དྲུག་པའི་དུས་སུ། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གཏན་སྡོད་མི་གྲངས་ས་ཡ་གསུམ་དང་སྟོང་གཉིས་བརྒྱ་དང་དྲུག་ཅུ་རེ་དྲུག་(༣༠༠༢༡༦༦)ཡིན་འདུག
གོང་བརྗོད་གྲངས་ཀ་དེ་གཞིར་བཟུང་ན། འདས་པའི་ལོ་བཅུའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཉུང་མཐར་མི་གྲངས་འབུམ་དྲུག་ལྷག་མང་དུ་ཕྱིན་ཡོད་པ་རེད། དེ་ན་མི་གྲངས་འཕར་བ་དེ་དག་བོད་མི་ཡིན་ནམ་ཡང་ན་རྒྱ་རིགས་སོགས་མི་རིགས་གང་ཡིན་གང་ཡང་གསལ་ཁ་མེད་པ་རེད། དེའི་ཐད་ཨ་རིའི་ནང་གནས་བཞུགས་བོད་གནས་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། སྤྱིར་བཏང་རྒྱ་ནག་གི་མི་འབོར་འཕར་བ་ཟེར་བ་དེ་དག་ལ་ཡིད་ཆེས་དཀའ་བ་དང་། རྒྱ་ནག་གིས་ནམ་རྒྱུན་གྲངས་ཉུང་མི་རིགས་ཀྱི་གྲངས་འབོར་འཕར་ཚུལ་བསྒྲགས་པ་དེ་ནི་ཁོང་ཚོའི་སྲིད་ཇུས་ཤིག་ལ་ངོས་འཛིན་བྱེད་ཀྱི་འདུག
གོང་བརྗོད་བཞིན་ད་ལྟའི་བར་རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་བདུན་པའི་སྐབས། བོད་རང་སྐྱོང་ལྗོངས་ཀྱི་སྤྱིའི་མི་འབོར་ཙམ་ལས། དེ་དག་ཁྲོད་བོད་མི་དང་མི་རིགས་གཞན་པ། རྒྱ་རིགས་སོགས་ཀྱིས་གྲངས་ཚད་ག་འདྲ་ཟིན་པའི་གྲངས་ཀ་གསལ་བོ་མེད་པ་རེད། ཡིན་ནའང་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་ལོ་༢༠༡༠་ལོའི་མི་འབོར་ཞིབ་བཤེར་གྱི་གྲངས་ཐོ་གསལ་བསྒྲགས་བྱས་པ་ལྟར་ན། ཕྱི་ལོ་༢༠༡༠་ལོའི་ཕྱི་ཟླ་༡༡་པའི་ཚེས་༡་བར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གཏན་སྡོད་མི་འབོར་ས་ཡ་གསུམ་དང་སྟོང་གཉིས་བརྒྱ་དང་དྲུག་ཅུ་རེ་དྲུག(༣༠༠༢༡༦༦)ཡིན་ཞིང་། དེ་ནི་ཕྱི་ལོ་༢༠༠༠་ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་ལྔ་བའི་སྐབས་ཀྱི་མི་གྲངས་ས་ཡ་གཉིས་དང་འབུམ་དྲུག་ཁྲི་གཅིག་སྟོང་དྲུག་སུམ་བརྒྱ་ཉི་ཤུ་རྩ་དགུ་(༢༦༡༦༣༢༩)དང་བསྡུར་ན་ལོ་བཅུའི་ནང་མི་གྲངས་འབུམ་གསུམ་ལྷག་འཕར་བ་བརྗོད་འདུག
དེ་མིན་ཕྱི་ལོ་༢༠༡༠་ལོའི་མི་གྲངས་ཞིབ་བཤེར་ཐེངས་དྲུག་པའི་སྐབས་སུ། བོད་རང་སྐྱོང་ལྗོངས་ནང་མི་གྲངས་ས་ཡ་གསུམ་དང་ཉིས་སྟོང་ལྷག་ཡོད་པའི་ཁྲོད། བོད་མི་ས་ཡ་གཉིས་དང་འབུམ་བདུན་ལྷག་དང་། གྲངས་ཉུང་མི་རིགས་གཞན་དག་ཁྲི་བཞི་དང་། རྒྱ་རིགས་འབུམ་གཉིས་དང་ཁྲི་བཞི་ལྷག་ཡོད་ཅིང་། བོད་མིའི་མི་གྲངས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་༩༠་ཟིན་པ་བཀོད་འདུག
གཞན་ཡང་ཐེངས་འདིའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་ཐེངས་བདུན་པ་གསལ་བསྒྲགས་ཀྱི་དུས་ཚེས་ཕྱིར་འགྱངས་བྱས་ནས་མི་གྲངས་ཞིབ་བཤེར་ཐད་འཕྲི་སྣོན་མང་པོ་བྱས་བ་དང་། དེ་བཞིན་རྒྱ་ནག་གི་སྤྱིའི་མི་འབོར་དུང་ཕྱུར་༡༤་ཡིན་པ་བསྒྲགས་ཡོད་ཀྱང་། དངོས་གནས་གྲངས་ཀ་དེ་ལས་ཉུང་བ་དང་། བགྲེས་སོང་ཀྱི་གྲངས་འབོར་དེའང་གསལ་བསྒྲགས་གྲངས་ཀ་ལས་མང་བ་ཡོད་པ། གྲངས་ཉུང་མི་རིགས་ཀྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་ཨ་རིའི་ཝེ་སི་ཁོན་སིན་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་རྒྱ་ནག་གི་མི་གྲངས་སྡོམ་རྩིས་ཐད་ཀྱི་ཆེད་མཁས་བ་ཡིས་ཧྥུ་ཞན་ནས་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ད་སྐབས་རྒྱ་ནག་ནང་ལོ་ན་༦༠་བརྒལ་བའི་མི་འབོར་ཇེ་མང་དང་། བྱིས་བ་སྐྱེས་ཚད་ཇེ་ཉུང་དང་ན་གཞོན་ངལ་རྩོལ་བའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཏེ་མ་འོངས་སྤྱི་ཚོགས་ལ་དཀའ་ངལ་འཕྲད་སྲིད་པ་ཡང་གནད་དོན་དབྱེ་ཞིབ་པས་བརྗོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།