ལིའུ་ཤའོ་ཕོའོ་ལ་རྒྱལ་ཁབ་མགོ་རྟིང་སློག་མཁན་གྱི་ནག་ཉེས།

གཞུང་དང་ལྟ་བ་མི་མཐུན་མཁན་ལིའུ་ཤའོ་ཕོའོ་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གཞུང་མགོ་རྟིང་སློག་མཁན་གྱི་ནག་ཉེས་བཙུགས་ཡོད་པ་རེད།

2009.12.12

༄༅༎སྔ་ལོ་ཕྱི་ལོ་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཞེས་པ་རྒྱ་ནག་ནང་མང་གཙོ་དང་རང་དབང་གི་ཐོབ་ཐང་ཐད་གཞུང་གི་སྲིད་བྱུས་ལ་བཅོས་བསྒྱུར་དགོས་པའི་ཡིག་ཆར་མིང་རྟགས་བཀོད་མཁན་གཞུང་དང་ལྟ་བ་མི་མཐུན་མཁན་གྲགས་ཅན་ལིའུ་ཤའོ་ཕོའོ་ལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གཞུང་མགོ་རྟིང་སློག་མཁན་གྱི་ནག་ཉེས་དངོས་སུ་བཙུགས་ཡོད་པ་གཟའ་སྤེན་པའི་ཉིན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་པའི་ཚོགས་པ་ཞིག་གིས་བརྗོད་འདུག་ལ་ ཁོ་པའི་བཟའ་ཟླ་ལིའུ་ཤིཡས་གཟའ་པ་སངས་ཉིན་རྒྱ་ནག་གི་ཁྲིམས་ཁང་ཞིག་ནས་ལིའུ་ཤའོ་ཕོའོ་ལ་ཁྲིམས་ཐོག་ནས་ནག་ཉེས་དེ་དངོས་སུ་བཙུགས་ཡོད་པ་ཕེ་རན་སི་གསར་ལས་ཁང་ལ་གསལ་བཤད་གནང་འདུག།

ལིའུ་ཤའོ་ཕོའོ་ནི་དགུང་ལོ་༥༣ལ་ཕེབས་པའི་རྩོམ་པ་པོ་ཞིག་ཡིན་ལ་ཕྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཕྱེའི་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མྱོང་མཁན་ཞིག་ཀྱང་ཡིན་པ་རེད།

གཟའ་ལྷག་པའི་ཉིན་ལིའུ་ཤའོ་ཕོའོའི་ཁྲིམས་རྩོད་པ་ཤང་པའོ་ཇུན་གྱིས་ལིའུ་ཡི་གྱོད་གཞི་དེ་ཉེན་རྟོག་པས་གཞུང་གི་ཁྲིམས་ཁང་དུ་བསྐྱེལ་ཏེ་ ཁྲིམས་ཁང་ནས་ཁོ་པར་ནག་ཉེས་བཙུགས་དགོས་པའི་དགོས་འདུན་བཏོན་ཡོད་པ་གསལ་བཤད་གནང་ཞིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཞེས་པའི་ཚོགས་པ་དེས་ལིའུ་ཤའོ་ཕོའོའི་གྱོད་གཞི་དེ་པེ་ཅིང་ནང་གི་མི་དམངས་ཁྲིམས་ཁང་ཨང་དང་པོས་ཁྲིམས་བཤེར་བྱེད་རྒྱུ་ཡིན་པ་བརྗོད་ཡོད་ན་ཡང་གྱོད་གཤེར་གྱི་དུས་ཚོད་ད་ལྟ་གཏེ་འབེབས་ཟིན་མེད་པ་རེད་འདུག།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ཞིབ་འཇུག་པ་ཇིཡང་ཡིང་ཡིང་གིས་འདས་པའི་ལོ་གཅིག་ཙམ་རིང་རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕོའོར་ཁྲིམས་བཤེར་གང་ཡང་མེད་པའི་ཐོག་ནས་དོ་དམ་བཙོན་བཅུག་བྱས་རྗེས་ད་ཆ་ལོ་མཇུག་གི་དུས་ཆེན་མང་དག་ཅིག་འཁེལ་བའི་དུས་ཚོད་དང་བསྟུན་བྲེལ་ཟིངས་ཆེན་པོ་ཞིག་གི་ཐོག་ནས་ཁོ་པའི་གྱོད་གཞིར་ཐག་གཅོད་ཡོང་ཐབས་བྱེད་བཞིན་པར་ང་ཚོར་བློ་འཚབ་ཡོད་ཅེས་དང་ལིའུ་ཤའོ་ཕོའོ་ལ་དྲང་བདེན་དང་གུ་ཡངས་ཀྱི་ཁྲིམས་བཤེར་འབྱུང་རྒྱུ་མིན་པ་དང་ཁོ་པའི་ཁྲིམས་ཐོག་གི་ཐོབ་ཐང་ལ་བརྩི་སྲུང་ཡོང་རྒྱུ་མིན་པར་བློ་འཚབ་ཧ་ཅང་ཆེན་པོ་ཡོད་ཅེས་གསུངས་འདུག།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ལིའུ་ཤའོ་ཕོའོའི་ཐོག་བཀལ་བའི་ནག་ཉེས་ལ་སྐྱོན་བརྗོད་བྱས་པ་དང་དུས་མཚུངས་ ཁོང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་འགྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།

ད་དུང་ཚོགས་པ་དེས་ལིའུ་ཤོའོ་ཕོའོས་ཞི་བའི་ཐོག་ནས་སོ་སོའི་བསམ་ཚུལ་བཤད་པ་དང་གཞན་ལ་ཡང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དར་སྤེལ་འབྱུང་ཐབས་སོ་སོའི་བསམ་ཚུལ་བཏོན་དགོས་པའི་བསྐུལ་མ་བྱས་པར་རྒྱ་ནག་གཞུང་གིས་ཉེས་ཆད་གཏོང་བཞིན་ཡོད་པ་བརྗོད་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎