བོད་རྒྱའི་གྲོས་མོལ་རེས་གཟའ་ཉི་མའི་ཉིན་དབུ་འཛུགས་གནང་རྒྱུ།
2008.05.03
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་
སྐུ་ཚབ་རྣམ་གཉིས་དང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པའི་སྐུ་ཚབ་མི་སྣའི་དབར་
རེས་གཟའ་ཉི་མའི་ཉིན་གྲོས་མོལ་དབུ་འཛུགས་གནང་རྒྱུ་ཡིན་འདུག
འོན་ཀྱང་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གཅིག་གི་ནང་རེས་གཟའ་སྤེན་པའི་ཉིན་
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སླར་ཡང་མཚན་དམས་ཤུགས་ཆེ་ཞུས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་གཟའ་སྤེན་པའི་ཉིན་ཧོང་ཀོང་དུ་ཕེབས་འབྱོར་གནང་སྟེ་ རྒྱ་ནག་གི་ཤན་ཀྲན་གྲོང་ཁྱེར་དུ་ཕེབས་རྒྱུ་ཡིན་འདུག་ཅིང་ དེ་ཕྱོགས་སུ་གཟའ་ཉི་མ་ནས་ཉིན་གྲངས་གསུམ་རིང་ནང་ལུགས་སམ་རྒྱས་སྤྲོས་ཅན་མིན་པའི་གྲོས་མོལ་
གནང་རྒྱུ་ཡིན་པ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་
ཨེ་པི་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པས་ བོད་ཀྱི་ས་ཁུལ་ནང་ངོ་རྒོལ་དུས་ཟིང་བྱུང་དང་འབྱུང་བཞིན་པའི་ཛ་དྲག་གི་གནད་དོན་དེའི་ཐོག་གླེང་སློང་
གནང་རྒྱུ་དང་དེ་བཞིན་སྐུ་ཚབ་རྣམ་གཉིས་ཀྱི་ངོས་ནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་
རྒྱ་ནག་གཞུང་ནས་གནས་སྟངས་འདིར་སྟངས་འཛིན་བྱེད་ཕྱོགས་ཐད་ཐུགས་འཚབ་ཆེན་པོ་ཡོད་པ་མ་ཟད་ ས་ཁུལ་དེ་དག་གི་ནང་ཞི་བའི་ལྷིངས་འཇགས་ཡོང་ཐབས་ཀྱི་དགོངས་འཆར་གནང་རྒྱུ་ཡིན་པ་གཟའ་པ་སངས་ཉིན་
བཙན་བྱོལ་བོད་གཞུང་གིས་གསལ་བསྒྲགས་གནང་ཡོད་པ་རེད་
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་
གྲོས་མོལ་འདི་བརྒྱུད་གྲུབ་འབྲས་བཟང་པོ་ཞིག་འབྱུང་རྒྱུར་ཐུགས་རེ་གནང་གི་ཡོད་ཅེས་དང་ འོན་ཀྱང་ང་ཚོས་རེ་བའི་ཚད་གཞི་ཐོ་པོ་ཞིག་ལ་བཞག་བཞིན་ཡོད་ན་ཡང་ འདི་ནི་བརྒྱུད་རིམ་རིན་པོ་ཞིག་ནང་གི་གོམ་བགྲོད་ཐུང་ཐུང་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག
རྒྱ་ནག་གཞུང་ཕྱོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་གྲོས་མོལ་ཞུ་རྒྱུ་
ཡིན་ལུགས་དྲིལ་བསྒྲགས་ཤུགས་ཆེ་བྱས་མིན་ལ་མ་ལྟོས་པར་ གཟའ་སྤེན་པའི་ཉིན་བོད་ལྗོངས་ཉིན་རེའི་
གསར་ཤོག་དང་རྒྱ་ནག་མི་དམངས་ཉིན་རེའི་གསར་ཤོག་བཅས་གཞུང་འབྲེལ་གསར་ལམ་ཁག་གཉིས་ཀྱི་
ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཤུགས་ཆེ་ཞུས་ཡོད་པ་རེད་ གོང་གི་གསར་ཤོག་དེ་གཉིས་ཀྱི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པ་དང་
གྲོས་མོལ་གནང་རྒྱུའི་གནས་ཚུལ་གང་ཡང་བཀོད་མེད་པའི་ཁར་ ད་དུང་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་ཏཱ་ལའི་རུ་ཚོགས་ཀྱི་བོད་རང་བཙན་འབྱུང་རྒྱུའི་རེ་འདོད་དེ་
ཇེ་ཆུང་ཇེ་ཆུང་དུ་འགྲོ་བའི་སྐབས་ ཁོང་ཚོས་ཁག་དྲི་བྲོ་བའི་དྲག་ཟིང་གི་ལས་འགུལ་བརྩམས་པ་དང་ འདི་ནི་ཁོང་ཚོའི་སྨྱོ་སྤྱོད་ཀྱི་མཐའ་མའི་ལས་དོན་ཞིག་རེད་ཅེས་དང་ དེ་བཞིན་ལྷ་སའི་ནང་བྱུང་བའི་དྲག་ཟིང་གི་ལས་འགུལ་དེ་དག་ཀྱང་ཏཱ་ལའི་རུ་ཚོགས་ཀྱི་བྱུས་འཆར་ཡིན་སྐོར་
སོགས་མཚན་དམས་ཞུ་བའི་ཚིག་རྩུབ་དེ་དག་བསྐྱར་བཟློས་བྱས་ཡོད་པ་རེད་ལ་ ཡང་དེ་བཞིན་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱ་རྒྱུའི་རྒྱ་ནག་ཉིན་རེའི་གསར་ཤོག་གི་ནང་ཏཱ་ལའི་རུ་ཚོགས་ཀྱིས་
ཆོས་ཕྱོགས་ཀྱི་གནད་དོན་བེད་སྤྱད་པ་དེ་ནི་མི་འགའ་ཤས་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཆེད་དམིགས་པ་ཞིག་
ཡིན་པ་ལས་དོན་དངོས་བོད་ཀྱི་གནད་དོན་ཞེས་པ་དེ་ནི་ ཁ་བྲལ་གྱི་ལས་འགུལ་སྤེལ་ཏེ་བོད་རང་བཙན་བཟོ་ཐབས་ཀྱི་ལག་ཆ་བེད་སྤྱོད་བྱེད་པ་ཞིག་ཡིན་པ་བརྗོད་
བཞིན་ཡོད་པ་རེད༎









